ལིས་ཁི་ཆང་གིས་ཅ་མེ་ཁའི་ཙུང་ལི་ཧོ་ཨར་ཉི་སི་དང་གྲོས་མོལ་མཛད།
2019.11.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53


ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཅ་མེ་ཁའི་ཙུང་ལི་ཧོ་ཨར་ཉི་སི་དང་གྲོས་མོལ་མཛད།


རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཅ་མེ་ཁའི་ཙུང་ལི་ཧོ་ཨར་ཉི་སི་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་བསྟན་དོན། ཅ་མེ་ཁ་ནི་ཀྲུང་གོར་མཚོན་ན་ཅ་ལི་པུས་ས་ཁུལ་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་བདུན་གྱི་རིང་ལ་ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་བརྩི་བཀུར་བྱས་པ་དང་འདྲ་མཉམ་གཉིས་ཕན་རྒྱུན་འཁྱོངས་བྱས་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་སུ་སོང་ཡོད།  སྐུ་ཞབས་ཙུང་ལི་ལགས་ཀྱིས་འཚམས་འདྲི་བྱེད་པའི་སྐབས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་མཇལ་འཕྲད་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སུ་བཏང་། རེ་བ་ཡིན་ན་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་བླངས་ནས་རང་སོ་སོའི་མི་དམངས་ལ་ཕན་ཁེ་བསྐྲུན་པར་ཡར་སྐུལ་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཅ་མེ་ཁའི་བར་གྱི་དངོས་གཉེར་མཉམ་ལས་ལ་སྦས་ཤུགས་དང་མདུན་ལྗོངས་ཧ་ཅང་རྒྱ་ཆེན་པོ་ཡོད། རེ་བ་ཡིན་ན་ཕྱོགས་གཉིས་ཀྱིས་མཉམ་གྲོས་མཉམ་བསྐྲུན་དང་མཉམ་སྤྱོད་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་ཁྲོམ་རའི་རྩ་དོན་དང་ཚོང་ལས་ཀྱི་རྩ་དོན་གཞིར་བཟུང་ནས། ཅ་མེ་ཁ་དང་མཉམ་དུ་རྨང་གཞིའི་སྒྲིག་ཆས་དང་གནས་སྐོར། ཞིང་ལས་ཆུ་ཐོན་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་འཕེལ་རྒྱས་སུ་བཏང་ནས་གཉིས་ཕན་མཉམ་ལས་མངོན་འགྱུར་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་འདོད་ཟེར།

ཧོ་ཨར་ཉི་སི་ཡིས་བསྟན་དོན། འདི་ནི་ངས་ཐོག་དང་པོར་ཀྲུང་གོར་འཚམས་འདྲི་བྱས་པ་ཡིན་ལ། ཀྲུང་གོའི་ཁྱད་འཕགས་ཀྱི་འཕེལ་རྒྱས་གྲུབ་འབྲས་ཀྱིས་ང་རང་ཡ་མཚར་སྐྱེ་རུ་བཅུག་སོང་། ཅ་མེ་ཁ་ནི་ཅ་ལི་པུས་ས་ཁུལ་གྱི་ཆེས་ཐོག་མར་ཀྲུང་གོའི་བར་ལ་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གསོན་ཤུགས་ཀྱིས་ཁེངས་ཡོད། ཅ་མེ་ཁ་ཧུར་ཐག་གིས་རྒྱུད་གཅིག་ལམ་གཅིག་མཉམ་ལས་ཁྲོད་ཞུགས་ནས་ཉོ་ཚོང་དངུལ་གཏོང་དང་། རྨང་གཞིའི་འཛུགས་སྐྲུན། འཕྲོད་བསྟེན། སློབ་གསོ། གསོ་སྦྱོང་། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། གནས་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ཇེ་དམ་དུ་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་མུ་མཐུད་དུ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གྲོས་ཚོགས་ཀྱིས་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་དཔལ་འབྱོར་ཉོང་ཚོང་། མི་ཤུགས་ཐོན་ཁུངས་གསར་སྤེལ་སོགས་ཁྱབ་ཁོངས་མང་པོའི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་བྱས།

གྲོས་ཚོགས་ཀྱི་སྔོན་ལ་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་ཧོ་ཨར་ཉི་སི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་ཐུར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལི་ཧྥིན་སོགས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།