ཞིང་ལས་ཞིང་སྡེ་པུའུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་མཉམ་འཛུགས་བྱེད་པའི་སྐུལ་སྤེལ་གྲོས་ཚོགས་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་དང་། ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་གཞོན་པ་ཡུས་ཁང་ཀྲིན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀའོ་ཧྭ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་གཉིས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས། པུའུ་དང་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་མཉམ་འཛུགས་བྱེད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་མཚོན་བྱེད་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་ཀྲུང་གོའི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་སྣང་བརྙན་བཟང་བོ་འགྲེམ་སྟོན་བྱེད་པའི་བྱེད་ཐབས་གལ་ཆེན། ནུབ་རྒྱུད་མཐོ་སྒང་ས་ཁུལ་ནས་ཐོན་སྐྱེད་སྐྱེ་ཁམས་འཚོ་བ་འཆམ་མཐུན་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་འཚོལ་ཞིབ་གལ་ཆེན། ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་དང་མཚོ་སྔོན་གྱི་ཞིང་ཕྱུགས་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་བཅས་ཡིན་པས། ཆབ་སྲིད་གླེང་བའི་མཐོ་ཚད་དུ་འགྲེང་ནས། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ཀྱིས་བྱ་བ་དེར་ལྟ་སྟངས་འཛིན་པ་དང་བཟང་བོར་སྤེལ་དགོས་ཞེས་བསྟན།
ལིག་ཉིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ལས་ཞིང་སྡེ་པུའུ་ཡིས་སེམས་ཁུར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ལིག་ཉིང་གིས། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གནས་ཐིག་དམིགས་འབེན་གཏན་ཁེལ་གསལ་བོ་བྱེད་པ་དང་། སྐྱེ་ཁམས་མཚོ་སྔོན་དང་ལྗང་མདོག་ཞིང་ཕྱུགས་ཀྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་མིང་གྲགས་ཅན་འཛུགས་པར་དམིགས་ནས། གྲངས་ཀར་དོ་སྣང་བྱེད་པ་གཙོར་འཛིན་པ་ནས་གྲངས་ཀ་དང་སྤུས་ཚད། ཕན་འབྲས་བཅས་ལ་མཉམ་དུ་དོ་སྣང་བྱེད་པ་དང་། ཐོན་སྐྱེད་རྩོལ་ནུས་ནས་ཐོན་སྐྱེད་སྐྱེ་ཁམས་རྩོལ་ནུས་སུ་བསྒྱུར་དགོས། ལས་འགན་གཙོ་བོ་ལག་བསྟར་བྱེད་པ་དང་། སྟེགས་བུ་འཛུགས་སྐྲུན་ལ་དོ་སྣང་བྱས་ཏེ། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཐོན་ལས་ར་བ་དང་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་དགོས། ཚན་རྩལ་གྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ་དང་། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་གཏོད་དང་ཁྱབ་གདལ་མ་ལག་འཐུས་ཚང་དུ་གཏོང་བ་དང་སྲོག་ཆགས་རིམས་ནད་འགོག་སྡོམ་མ་ལག་འཐུས་ཚང་དུ་བཏང་ནས། ལྗང་མདོག་འཕེལ་རྒྱས་ཚན་རྩལ་ཐད་ཀྱི་དཀའ་ཁག་དང་གནད་དོན་ཐག་གཅོད་པར་ཤུགས་སྣོན་དགོས་ཟེར།