ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྙན་ཞུ་གྲོས་ཚོགས་ཟི་ལིང་ནས་ཚོགས།
2019.11.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྙན་ཞུ་གྲོས་ཚོགས་ཟི་ལིང་ནས་ཚོགས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཆོད་དོན་འཆར་འགོད་ཚན་ཆུང་གི་ཁོངས་མི། ཀྲུང་དབྱང་ཐེ་ཝན་བྱ་བའི་གཞུང་སྒྲུབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལིག་ཅེ་དབྱི་ཡིས་སྒྲོག་འགྲེལ་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་སྙན་ཞུ་གྲོས་ཚོགས་ལ་འགོ་མཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གཉིས་གྲོས་ཚོགས་ལ་ཞུགས།

དུས་ཚོད་གཉིས་དང་ཕྱེད་ཀ་རིང་གི་སྒྲོག་འགྲེལ་སྙན་ཞུའི་ཁྲོད། ལིག་ཅེ་དབྱི་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་དམ་དུ་དམིགས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་དོན་སྙིན་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དགེ་མཚན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་སྤྱིའི་རེ་བ་དང་སྤྱིའི་དམིགས་འབེན། ལས་འགན་གཙོ་བོར་རྒྱུས་ལོན་ཡང་དག་བྱེད་པ། ཏང་གི་འགོ་ཁྲིད་ལ་ཤུགས་བསྣན་ནས། ཚང་འཛོམས་གྲོས་ཚོགས་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་བཅས་ཕྱོགས་བཞིའི་ཐད་ནས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གསལ་བཤད་ཆ་ཚང་དང་འགྲེལ་ཀློག་ཟབ་མོ་བྱས་པ་མ་ཟད། ཆོད་དོན་གྱི་འཆར་ཟིན་འགོད་པའི་བརྒྱུད་རིམ་ངོ་སྤྲོད་བྱས་པ་དང་། ཆོད་དོན་གྱི་དོན་སྙིང་གལ་ཆེན་ནན་སྟོན་བྱས་ལ། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཐད་ཀྱི་ངོས་འཛིན་དང་མྱོང་ཚོར་གླེང་།

ཝང་ཅན་ཅུན་གྱིས་སྙན་ཞུ་གྲོས་ཚོགས་ལ་འགོ་མཛིན་བྱེད་སྐབས་བསྟན་དོན། བློ་མཐུན་ལིག་ཅེ་དབྱི་ཡིས་ང་ཚོར་སྒྲོག་འགྲེལ་ཆ་ཚང་དང་ཡང་དག་བྱས་པ་དང་། དེར་ཆབ་སྲིད་རང་བཞིན་དང་གཞུང་ལུགས་རང་བཞིན། བསམ་བློ་རང་བཞིན། མཛུབ་ཁྲིད་རང་བཞིན། ལག་བསྟར་རང་བཞིན་ཆེན་པོ་ལྡན་ལ། ཆུ་ཚད་ཆེས་མཐོ་བ་དང་དབང་ཟིལ་རང་བཞིན་ལྡན་པའི་འགྲེལ་ཀློག་དང་སྒྲོག་འགྲེལ་ཡིན་པ་མ་ཟད། ང་ཚོས་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པའི་ཐད་ཐིག་རིས་གསལ་བོ་བྲིས་པ་དང་། ང་ཚོས་རྒྱུས་ལོན་ཡང་དག་བྱེད་པའི་ཐད་ནས་གཙོ་གནད་འབུར་ཐོན་བྱས་ལ། ང་ཚོས་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་མཛུབ་སྟོན་འདོན་སྤྲོད་བྱས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཐེངས་འདིའི་སྒྲོག་འགྲེལ་གོ་སྐབས་སུ་བརྩི་བ་དང་། ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་རེ་བ་ལྟར། ཅི་ཞིག་རྒྱུན་འཁྱོངས་དང་སྲ་བརྟན་དུ་གཏོང་བ་དང་། ཅི་ཞིག་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ། ཅི་ཞིག་གཞིར་འཛིན་པ་དང་ལག་བསྟར་བྱེད་པར་དམིགས་ནས་གནད་དོན་ལ་བསམ་གཞིགས་གཏོང་བ་དང་བྱ་བར་འཆར་འགོད་བྱེད་པ། བྱ་བ་བསྒྲུབ་པ། ལག་བསྟར་དམ་འཛིན་བྱེད་པ་དང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ་དང་དྲིལ་སྒྲོག་རྒྱ་ཆེར་བྱེད་པ། ལག་བསྟར་གཏིང་ཟབ་བྱས་ཏེ། གྲུབ་འབྲས་བཟང་བོ་ལེན་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཁོངས་མི། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་ཁག་སོ་སོ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཀྱི་ཐིན་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ། ཞིང་ཆེན་རིམ་པའི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ། མཐོ་རིམ་སློབ་གྲྭའི་དགེ་སློབ་། གཞུང་ལུགས་བྱ་བ་སྒྲུབ་མཁན་དང་ཟི་ལིང་གྲོང་ཁྱེར་གྱི་ཐིན་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པའི་འཐུས་ཚབ་མི་སྣ་བཅས་ཀྱིས་ཡུལ་དངོས་ནས་སྙན་ཞུ་ལ་ཉན།