ཀྲུང་གོ་རླུང་ཁམས་ཆེན་མོའི་གཞི་གྲངས་ལྟ་ཞིབ་སྟེགས་བུ་བཙུགས་ནས་ལོ་འཁོར་ཉེར་ལྔ་ལོན་པའི་བཞུགས་མོལ་ཚོགས་འདུ་མཚོ་ལྷོའི་གུང་ཧོ་རྫོང་དུ་བསྡུས།
2019.11.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན། ཀྲུང་གོ་རླུང་ཁམས་ཆེན་མོའི་གཞི་གྲངས་ལྟ་ཞིབ་སྟེགས་བུ་བཙུགས་ནས་ལོ་འཁོར་ཉེར་ལྔ་ལོན་པའི་བཞུགས་མོལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གུང་ཧོ་རྫོང་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་དང་ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ལིག་ཡ་མེན། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་ལས་རོགས་པ་དྲུང་ཡིག་ཆེན་མོ་ཀྲང་ཝུན་ཅན་བཅས་ཀྱིས་གཏམ་བཤད།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅན་ཧེ་ཡིས་ཤིས་ཚིག་ཕུལ་བ་དང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཞུའུ་ཞང་ཏི་ཡིས་གཏམ་བཤད། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། རྒྱལ་ཁབ་ནམ་ཟླའི་འགྱུར་ལྡོག་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་རིན་ཏུའུ་ཞང་ཝན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

བཞུགས་མོལ་ཚོགས་འདུའི་སྟེང་ལིག་ཉིང་གིས་བཤད་རྒྱུར། རླུང་ཁམས་ཆེན་མོའི་གཞི་གྲངས་ལྟ་ཞིབ་སྟེགས་བུ་བཙུགས་ནས་ལོ་ཉེར་ལྔའི་རིང་ལ། ལྟ་ཞིབ་ཚད་ལེན་ཆུ་ཚད་སྔར་ལས་ཇེ་མཐོར་སོང་བ་དང་ཚན་རྩལ་གསར་སྐྲུན་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས། རང་རྒྱལ་དང་ཐ་ན་འཛམ་གླིང་གི་གནམ་གཤིས་ལས་དོན་དང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཐད་ལ་ཡིད་རྟོན་རུང་བའི་ལག་རྩལ་འདེགས་ཤུགས་འདོན་སྤྲོད་བྱས། རླུང་ཁམས་ཆེན་མོའི་གཞི་གྲངས་ལྟ་ཞིབ་སྟེགས་བུའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་ཆེས་ཆེ་བ་གསུམ་གྱི་གཏན་གནས་རེ་བ་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་ལག་བསྟར་བྱེད་པའི་འགན་འཁྲི་ཡིན་པས། མཚོ་སྔོན་གྱིས་མུ་མཐུད་དུ་ཅུའུ་དང་ཞིང་ཆེན་བར་གྱི་བརྗེ་རེས་མཉམ་ལས་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། མཐུན་སྦྱོར་མཉམ་འབྲེལ་ལ་ཤུགས་སྣོན་ཞིང་ལྟ་ཞིབ་ཚད་ལེན་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་པ་དང་ཚན་ཞིབ་བྱ་བར་རྒྱབ་སྐྱོར་བྱེད་པ། གཞི་གྲངས་ལྟ་ཞིབ་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རླུང་ཁམས་ཆེན་མོའི་གཞི་གྲངས་ལྟ་ཞིབ་སྟེགས་བུའི་བྱ་བ་སྣ་ཚོགས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ལིག་ཡ་མེན་གྱིས་བཤད་རྒྱུར། རླུང་ཁམས་ཆེན་མོའི་གཞི་གྲངས་སྟེགས་བུ་སྔར་ལས་འཕེལ་རྒྱས་སུ་སོང་བ་ནི་ཏང་ཀྲུང་དབྱང་གིས་འགོ་ཁྲིད་བྱས་པའི་འབྲས་བུ་ཡིན་པ་དང་། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་འབྲེལ་བ་ཡོད་ལ། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་སྒོས་ལྗང་མདོག་འཕེལ་རྒྱས་འདུ་ཤེས་ལག་ལེན་བྱས་པ་དང་ཤུགས་ཆེན་པོས་ལྟ་ཞིབ་ཚད་ལེན་ཁོར་ཡུག་སྲུང་སྐྱོབ་བྱས་པ་དང་འབྲེལ་བ་ཡོད་པ་དང་། གཞི་གྲངས་ལྟ་ཞིབ་སྟེགས་བུའི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱིས་ལས་གནས་བརྟན་སྲུང་བྱས་པ་དང་འབྲེལ་བ་ཡོད་ལ། ཕན་ནུས་ལྡན་པའི་དོ་དམ་འཁོར་སྐྱོད་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་ཡིན་པ་དང་འབྲེལ་བ་ཡོད། རླུང་ཁམས་གཞི་གྲངས་ལྟ་ཞིབ་སྟེགས་བུས་དུས་རབས་གསར་བའི་འགན་འཁྲི་གསར་བ་དང་ལེན་བྱས་ཏེ། ཧུར་ཐག་སྒོས་འཛམ་གླིང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བྱས་རྗེས་མཁན་དང་ཀྲུང་གོ་གནམ་གཤིས་སྒོ་འབྱེད་མཉམ་ལས་ཀྱི་དཔེ་སྟོན་མཁན། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་ལེན་མཁན། མཐོ་སྒང་གི་གནམ་གཤིས་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སྣེ་ཁྲིད་མཁན། རྒྱལ་ཡོངས་གནམ་གཤིས་པའི་སྙིང་སྟོབས་ཀྱི་འཐུས་ཚབ་མཁན་བཅས་སུ་འགྱུར་བར་བྱེད་དགོས་ཟེར།

ཀྲང་ཝུན་ཅན་གྱིས་བཤད་རྒྱུར། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་མུ་མཐུད་དུ་རླུང་ཁམས་གཞི་གྲངས་ལྟ་ཞིབ་སྟེགས་བུའི་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། རྩ་འཛུགས་ཀྱི་ཚན་རིག་པ་སྔར་ལས་མང་པོ་ཀྲུང་གོར་ཡོང་ནས་མཉམ་ལས་བརྗེ་རེས་བྱེད་པ་དང་། ཀྲུང་གོའི་རིག་སྟོབས་ཀྱིས་འཛམ་གླིང་གི་གནམ་གཤིས་ལས་དོན་གོང་འཕེལ་དུ་འགྲོ་བར་རོགས་འདེགས་དང་སྣེ་ཁྲིད་བྱེད་དུ་འཇུག་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་འགན་འཁུར་བློ་མཐུན་གྱིས་གཞི་གྲངས་ལྟ་ཞིབ་སྟེགས་བུའི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པ་དང་། ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུའུ་ལྟ་ཞིབ་ཟི་དང་མཚོ་ལྷོ་ཁུལ་སྲིད་གཞུང་། རླུང་ཁམས་གཞི་གྲངས་ལྟ་ཞིབ་སྟེགས་བུའི་འགན་འཁུར་བློ་མཐུན་གིས་བརྗེ་རེས་གཏམ་བཤད་སྤེལ།

བཞུགས་མོལ་ཚོགས་འདུའི་སྔོན་ལ། ལིག་ཉིང་དང་ལིག་ཡ་མེན། ཀྲང་ཝུན་ཅན། ཡན་ཅན་ཧེ་བཅས་རླུང་ཁམས་ཆེན་མོའི་གཞི་གྲངས་ལྟ་ཞིབ་སྟེགས་བུ་རུ་སོང་ནས་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་ཞུས་པ་དང་སྟེགས་བུ་བཙུགས་ནས་ལོ་ཉེར་ལྔའི་རིང་བླངས་པའི་གྲུབ་འབྲས་འགྲེམ་སྟོན་ལ་བལྟས།