ཝང་ཆི་ཧྲན་གྱིས་པུས་ལི་ཧྲིའི་སྲས་མོ་ཨ་སི་ཐི་ལི་ཏི་ལ་མཇལ་འཕྲད་གནང་།
2019.11.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 127

ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ནས་པུས་ལི་ཧྲིའི་རྒྱལ་བོའི་འཐུས་མི། སྲས་མོ་ཨ་སི་ཐི་ལི་ཏི་ལ་མཇལ་འཕྲད་གནང་། 

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་བཅོ་བརྒྱད་ཉིན་ཀྲུང་ནན་ཧེ་ནས་པུས་ལི་ཧྲིའི་རྒྱལ་བོའི་འཐུས་མི། སྲས་མོ་ཨ་སི་ཐི་ལི་ཏི་ལ་མཇལ་འཕྲད་གནང་། ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་སྲས་མོ་ལགས་ཀྱིས་རིམ་པ་མཐོ་བའི་དཔལ་འབྱོར་ཉོ་ཚོང་འཐུས་ཚབ་ཚོགས་པ་ཁྲིད་ནས་ཀྲུང་གོར་་འཚམས་འདྲི་ཡོང་བར་ལྷག་བསམ་འཁོལ་བའི་ངང་ནས་དགའ་བསུ་ཞུ་བཞིན་ཡོད། པུས་ལི་ཧྲི་རྒྱལ་བོ་ཚང་གིས་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བར་དུས་ཡུན་རིང་བོར་ནུས་པ་འདོན་བཞིན་ཡོད།

 ཉེ་བའི་ལོ་འགའི་རིང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥེ་ལི་ཕུའུ་རྒྱལ་བོ་དང་ཕུན་སུམ་ཚོགས་པའི་འཚམས་འདྲི་གནང་བ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་སྔར་ལས་ཆེན་པོ་བཏང་ཡོད། པུས་ལི་ཧྲིའི་ས་ཁུལ་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་དང་དཔལ་འབྱོར་དང་རིག་གནས་སོགས་ལ་ཁྱད་ཆོས་མངོན་གསལ་ཡོད། དེང་སྐབས་ཀྲུང་གོ་དང་པུས་ལི་ཧྲི་གཉིས་ཀྱིས་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་བར་གྱི་བརྗེ་རེས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ཁྱོན་ཡོངས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་སུ་འགྲོ་བ་སྲུང་འཛིན་བྱེད་བཞིན་ཡོད་པ་དང་། དངོས་གཉེར་མཉམ་ལས་གོ་སྐབས་གསར་བར་འཕྲད་ཡོད།  

རེ་བ་ཡིན་ན་པུས་ལི་ཧྲི་རྒྱལ་བོ་ཚང་གིས་མུ་མཐུད་དུ་ཧུར་བརྩོན་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་ལག་བསྟར་དངོས་འབེབ་བྱེད་པར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་པུས་ལི་ཧྲི་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་ཡར་སྐུལ་གཏོང་དགོས་ཟེར།

ཨ་སི་ཐི་ལི་ཏི་ཡིས་བསྟན་དོན། ཐེངས་འདིར་སྣེ་ཁྲིད་བྱས་པའི་དཔལ་འབྱོར་ཉོ་ཚོང་འཐུས་ཚབ་ཚོགས་པའི་གཞི་ཁྱོན་ནི་ལོ་རྒྱུས་སྟེང་ཆེས་མཐོ་བའི་ཐེངས་ཤིག་ཡིན་ལ། འདིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་པ་མཚོན་ཡོད། རེ་བ་ཡིན་ན་ཕྱོགས་གཉིས་ཀྱིས་ཉོ་ཚོང་དངུལ་གཏོང་དང་ཞིང་ལས་ཐོན་རྫས། དངོས་སྐྱེལ། ནམས་གཤིས་འགྱུར་ལྡོག། མི་གཞུང་སོགས་ཁྱབ་ཁོངས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། པུས་ལི་ཧྲི་དང་ཀྲུང་གོའི་བར་གྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་དགོས་ཟེར།