ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་རབས་གསར་བའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་ལག་བསྟར་རྩ་གནད་འགྲེམ་སྤེལ་བྱས།
2019.11.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་རབས་གསར་བའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་ལག་བསྟར་རྩ་གནད་འགྲེམ་སྤེལ་བྱས།

རྩ་གནད་ལས་བསྟན་དོན། རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་ཀྱི་སེམས་པ་དང་མི་རིགས་ཀྱི་བླ་སྲོག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཆེས་གལ་ཆེ་བའི་བསམ་བློའི་རྒྱུ་ནོར་ཡིན་ལ། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་མི་རིགས་རང་བཙན་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོབ་བྱེད་པའི་བསམ་བློའི་སྒུལ་ཤུགས་ཆེན་པོ་ཡིན། དེང་སྐབས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དེ་གནད་འགག་གི་དུས་སྐབས་སུ་གནས་ཡོད། དུས་རབས་གསར་བར་རྒྱལ་གཅེས་རིང་ལུགས་སློབ་གསོ་ལ་ཤུགས་སྣོན་པ་དེ་མི་རིགས་སྙིང་སྟོབས་དར་སྤེལ་དང་མི་རིགས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རླབས་ཆེན་རྒྱལ་ཁ་ཐོབ་པར་བརྩོན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལན་ཟེར།

རྩ་གནད་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཞིང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་སློབ་གསོ་དང་གནས་བབ་སྲིད་ཇུས་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཤུགས་ཆེན་པོས་མི་རིགས་སྙིང་སྟོབས་དང་དུས་རབས་སྙིང་སྟོབས་དར་སྤེལ་བྱེད་དགོས་ལ། ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་སློབ་གསོ་རྒྱ་ཆེར་སྤེལ་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཞིང་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ་དང་རྒྱལ་སྲུང་སློབ་གསོ་ལ་ཤུགས་སྣོན་དགོས་ཟེར།

རྩ་གནད་ལས་ད་དུང་དུས་རབས་གསར་བའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པའི་ཐད་ལ་རེ་བ་བཏོན་ཡོད་པ་དང་། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་རྩ་གནད་འདིའི་ནང་དུ་གཏན་འཁེལ་བྱས་པའི་ལག་བསྟར་དང་དངོས་འབེབས་བྱེད་ཐབས་ལྟར། རྒྱལ་གཅེས་རིང་ལུགས་སློབ་གསོའི་ལས་འགན་དང་རེ་བ་སྣ་ཚོགས་ས་ཆ་ཀུན་ཏུ་དངོས་འབེབས་བྱེད་རྒྱུ་འགན་སྲུང་བྱེད་དགོས་ཞེས་བསྟན་ཡོད།