ཕྱི་འབྲེལ་པུའུ་ཡི་མཚོ་སྔོན་འཛམ་གླིང་དུ་ངོ་སྤྲོད་བྱེད་པའི་བྱ་འགུལ་ཚེས་ཉེར་དྲུག་ཉིན་བསྡུ་རྒྱུ་རེད།
2019.11.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཀྲུང་གོ་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀུན་ཧྲོང་གིས་ཚེས་ཉེར་གཅིག་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་གྲོས་ཚོགས་སྟེང་། ཕྱི་ཕྱོགས་པུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་སུམ་ཅུའི་སྟེང་ཕྱི་འབྲེལ་པུའུ་ཡི་ཐོག་ཁང་ལྷོ་མ་ནས་ཕྱི་འབྲེལ་པུའུ་ཡི་མཚོ་སྔོན་འཛམ་གླིང་དུ་ངོ་སྤྲོད་བྱེད་པའི་བྱ་འགུལ་བསྡུ་རྒྱུ་ཡིན་པ་དང་། བརྗོད་དོན་ནི་དུས་རབས་གསར་བའི་ཀྲུང་གོའི་རབ་མཛེས་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་འཛམ་གླིང་དུ་བསྐྱོད་པ་ཞེས་པ་ཡིན་པ་དྲིལ་སྒྲོག་བྱས། སྐབས་དེར། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་བྱ་འགུལ་ལ་ཞུགས་པ་མ་ཟད་ཤིས་ཚིག་འབུལ་རྒྱུ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གཉིས་ཀྱིས་སོ་སོར་ཤིས་ཚིག་འབུལ་བ་དང་ངོ་སྤྲོད་བྱེད་རྒྱུ་ཡིན་ལ། ཕྱི་རྒྱལ་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོའི་འཐུས་ཚབ་པས་གདན་དྲངས་པ་ལྟར་གཏམ་བཤད་པ་མ་ཟད་སྐུ་མགྲོན་དག་དང་བརྗེ་རེས་བྱེད་རྒྱུ་རེད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ལེགས་འཚོ་བ་བསྐྲུན་ནས། གྲུབ་འབྲས་ཆེན་པོ་བླངས། ཐེངས་འདིའི་ངོ་སྤྲོད་བྱ་འགུལ་གྱིས་ཀྲུང་གོ་གསར་བ་དབུ་བརྙེས་པའི་ལོ་ངོ་བདུན་ཅུའི་རིང་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་དང་། མཚོ་སྔོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་བཞག་པའི་བྱས་རྗེས་དང་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་ཁྱོན་ཡོངས་ནས་འགྲེམ་སྟོན་བྱས།

ཐེངས་འདིའི་ངོ་སྤྲོད་བྱ་འགུལ་གྱིས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་གཏམ་རྒྱུད་བཤད་པ་བརྒྱུད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་མཚོ་སྔོན་གྱི་སྐྱེ་ཁམས་མཛེས་སྡུག་དང་འཕེལ་རྒྱས་ཀྱི་མཛེས་སྡུག འཆམ་མཐུན་གྱི་མཛེས་སྡུག བདེ་སྐྱིད་ཀྱི་མཛེས་སྡུག་བཅས་འགྲེམ་སྟོན་བྱས་ནས། ཕྱོགས་སོ་སོས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་མྱོང་ཚོར་བྱེད་པ། མཉམ་ལས་རྒྱ་སྐྱེད་པའི་ཐད་སྟེགས་བུ་སྐྲུན།