ཝང་ཆི་ཧྲན་ཉིས་སྟོང་བཅུ་དགུ་ལོའི་དཔལ་འབྱོར་གསར་སྐྲུན་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
2019.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་ཉེར་གཅིག་ཉིན་པེ་ནས་ཉིས་སྟོང་བཅུ་དགུ་ལོའི་དཔལ་འབྱོར་གསར་སྐྲུན་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཝང་ཆི་ཧྲན་གྱིས་བསྟན་དོན། གསར་སྐྲུན་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོ་ཡིན་ལ། མིའི་རིགས་ཀྱི་དཔལ་ཡོན་ལོ་རྒྱུས་ནི་འཚོལ་ཞིབ་དང་གསར་སྐྲུན་གྱི་ལོ་རྒྱུས་ཤིག་ཡིན། དེ་རིང་ནི་མིའི་རིགས་ཀྱིས་དངོས་པོའི་རྒྱུ་ནོར་གསར་སྐྲུན་བྱེད་པའི་ནུས་པ་ལྡབ་འགྱུར་གྱིས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཕན་ཚུན་བར་གྱི་འབྲེལ་འདྲེས་བརྗེ་རེས་ཇེ་དམ་དུ་འགྲོ་བཞིན་ཡོད་པར་མ་ཟད། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྔར་ལས་དར་རྒྱས་གོང་འཕེལ་དུ་འགྲོ་བཞིན་ཡོད་པ་དང་། ཤེས་རིག་མི་འདྲ་བ་ཡུལ་བབ་དང་བསྟུན་ནས་བརྗེ་རེས་དཔེ་ལྟ་བྱེད་པ་དེ་འཕེལ་ཕྱོགས་ཆེན་པོ་ཞིག་ཏུ་གྱུར་ནས། མི་དང་རང་བྱུང་ཁམས་གཉིས་གཅིག་ལ་གཅིག་བསྟུན་དང་འཆམ་མཐུན་མཉམ་གནས་བྱེད་པ་དེ་འདུ་ཤེས་གསར་བ་ཞིག་ཏུ་གྲུབ་ཡོད། དེ་དང་མཉམ་དུ་མིའི་རིགས་ཡོད་ཚད་ཐུན་མོང་གི་འཇིགས་སྐུལ་སྣ་ཚོགས་ལ་འཕྲད་ཡོད་པ་དང་། འཕེལ་རྒྱས་དོ་མི་མཉམ་པའི་གནད་དོན་འབུར་ཐོན་ཡིན་ལ། སྲུང་སྐྱོབ་རིང་ལུགས་དང་ཕྱོགས་གཅིག་རིང་ལུགས། དམངས་བཅུད་རིང་ལུགས་བཅས་ཀྱི་མགོ་བོ་འབུས་བཞིན་ཡོད་པར་མ་ཟད། དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་གནས་བབ་ལྡོག་བགྲོད་བྱེད་པ་དང་རྒྱལ་སྤྱིའི་སྒྲིག་ལམ་ལའང་གནོད་པ་ཐེབས་བཞིན་ཡོད་ཟེར།

ཝང་ཆི་ཧྲན་གྱིས་བསྟན་དོན། ལོ་རྒྱུས་ཀྱི་ཉམས་མྱོང་ལས་བདེན་དཔང་བྱས་པ་ལྟར་ན། དཀའ་ཁག་དང་འགྲན་རྩོད་ལ་ཁ་གཏད་ནས་བཅོས་བསྒྱུར་བྱེད་མཁན་མདུན་དུ་བསྐྱོད་ཐུབ་པ་དང་གསར་སྐྲུན་བྱེད་མཁན་ལ་སྟོབས་ཤུགས་ལྡན་ལ། བཅོས་བསྒྱུར་གསར་སྐྲུན་བྱེད་མཁན་ནི་རྒྱལ་ཁ་ལེན་མཁན་ཡིན། སྤོབས་པ་ཆེན་པོས་གསར་སྐྲུན་དང་བསྒྱུར་བཅོས་བྱེད་ཐུབ་ན་ད་གཟོད་རང་བདག་དབང་ཆ་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ཡོད།  ང་ཚོས་གནས་བབ་སྣ་ཚོགས་གསལ་བོར་ཤེས་པར་བྱེད་པ་དང་མིའི་རིགས་ཡོངས་ཀྱི་ལས་དབང་གཅིག་མཐུན་ཡིན་པའི་མཐོང་རྒྱ་བཅངས་ནས་ཚན་རིག་རང་བཞིན་གྱི་གདམ་གསེས་ལེགས་པོ་བྱེད་དགོས་ཟེར།

ཝང་ཆི་ཧྲན་གྱིས་བསྟན་དོན། རྒྱལ་ཁབ་དང་མི་རིགས་གང་ཡིན་ཡང་དེང་རབས་ཅན་མངོན་འགྱུར་བྱེད་རྒྱུ་དེ་བདེ་བླག་ངང་འགྲུབ་ཐུབ་པ་ཞིག་གཏན་ནས་མིན། ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ལ་ཅི་ཞིག་ཡོད་པ་དང་ཅི་ཞིག་མཁོ་བ། ཅི་ཞིག་གྲ་སྒྲིག་བྱེད་དགོས་པ་བཅས་གསལ་བོར་རྟོགས་ཡོད། ང་ཚོས་རང་ཉིད་ཀྱིས་གདམ་པའི་བགྲོད་ལམ་ནམ་ཡང་འགྱུར་མི་སྲིད་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཉམས་དམིགས་འབེན་མངོན་འགྱུར་བྱེད་པར་ཡིད་ཆེས་དང་ཆོད་སེམས་ཀྱིས་ཁེངས་ཡོད་ཟེར།

གླེང་སྟེགས་ལ་ཞུགས་པའི་སྐབས་སུ་ཝང་ཆི་ཧྲན་གྱིས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ནོར་སྲིད་པུའུ་ཀྲང་པའོ་ཨར་སིན་སོགས་སྐུ་མགྲོན་ལ་མཇལ་འཕྲད་གནང་།  དཔལ་འབྱོར་གསར་སྐྲུན་གླེང་སྟེགས་ནི་ཉིས་སྟོང་བཅོ་བརྒྱད་ལོར་བཙུགས་པ་དང་ཕྱི་རྒྱལ་གྱི་སྲིད་གཞུང་དཔོན་རིགས་དང་སྔོན་ཆད་ཀྱི་ཆབ་སྲིད་མི་སྣ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པ་སོགས་མི་དྲུག་བརྒྱ་ལྷག་ཐེངས་འདིའི་གླེང་སྟེགས་ལ་ཞུགས།