མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2019.12.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་སྟོད་ཀྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག་བཟོ་བཅོས་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་དབང་ཁེ་ལས་ཀྱི་གཞི་རིམ་རྩ་འཛུགས་བྱ་བའི་ཚོད་ལྟའི་སྲོལ་ཡིག་གཏན་འབེབས་བྱེད་རྒྱུའི་ཐག་བཅད་པ་དེ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས། ལས་ཁུངས་དང་རྒྱལ་དབང་ཁེ་ལས་ཀྱི་ཏང་གི་འཛུགས་སྐྲུན་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་པས། སྲོལ་ཡིག་གཉིས་ཀྱི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། ལས་འགན་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ། འགན་འཁྲི་གཙོ་བོ་ལག་བསྟར་བྱས་ནས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་དང་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པའི་ཐད་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་སྟེང་གསུང་བཤད་གལ་ཆེན་གནང་ནས། ས་ཁུལ་མུ་འབྲེལ་ལག་རྩལ་བེད་སྤྱོད་དང་ཐོན་ལས་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། སློབ་སྦྱོང་དང་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། བྱ་བའི་འཆར་འགོད་ལ་ཤུགས་སྣོན་པ། ས་ཁུལ་མུ་འབྲེལ་ལག་རྩལ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱེད་པ། ས་ཁུལ་མུ་འབྲེལ་ལག་རྩལ་དང་ཐོན་ལས་གསར་གཏོད་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། ས་ཁུལ་མུ་འབྲེལ་དང་དཔལ་འབྱོར་སྤྱི་ཚོགས་གཉིས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་བཏང་སྟེ། ས་ཁུལ་མུ་འབྲེལ་ལག་རྩལ་བཀོལ་སྤྱོད་བྱེད་པ་དང་དེར་དོ་དམ་བྱེད་པའི་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་དམིགས་ནས། གྲངས་ཀའི་སྲིད་དོན་སོགས་གཏན་ཁེལ་བྱས་པའི་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པར་དམ་འཛིན་བྱེད་པའི་ཞོར་དུ། མཐིལ་རྟོགས་ཞིབ་འཇུག་བྱེད་པ་སོགས་ཀྱི་བྱ་བ་སྤེལ་ནས། ས་ཁུལ་མུ་འབྲེལ་གྱི་ཐོན་ལས་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་རྨང་གཞི་བརྟན་པོ་བཏིངས་ཟེར།

ཚོགས་ཐོག་ནས། ཙུང་ལི་ལིས་ཁི་ཆང་གིས་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱེད་པ་དང་གོ་རིམ་རྗེས་མའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱེད་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱེདཔ་དང་། ཀྲུང་དབྱང་གི་མིག་སྔའི་དཔལ་འབྱོར་གནས་བབ་ཐད་ཀྱི་དབྱེ་ཞིབ་བརྡར་གཅོད་ལ་རྒྱུས་ལོན་ཡང་དག་བྱས་ནས། བསམ་བློ་དང་འགུལ་སྐྱོད་གཉིས་ཀྲུང་དབྱང་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། ལོ་མཇུག་སྐབས་སུ། གཙོ་གནད་དམ་འཛིན་དང་ཞན་ས་ཁ་གསབ་བྱེད་པ་དང་། གོ་སྐབས་འཚོལ་བ། སྟོབས་ཤུགས་ཡོད་རྒུས་འབད་འཐབ་ལྷོད་མེད་བྱེད་པ་དང་དངོས་གཉེར་ཁག་ཁུར་བྱས་ཏེ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། སང་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་བྱ་བ་སྣ་ཚོགས་ལ་འཆར་འགོད་བཟང་བོ་བྱེད་དགོས། དངོས་གོང་གཏན་འཇགས་ཚོད་འཛིན་བྱེད་པ་དང་དྲོད་འདོན་ལ་འགན་སྲུང་བྱེད་པ། བདེ་འཇགས་གཏན་འཇགས་སོགས་ཀྱི་བྱ་བ་སྔར་ལས་བཟང་བོར་བསྒྲུབ་ནས། མཇུག་བཟང་བོར་བསྡུ་བ་དང་འགོ་བཟང་བོ་རྩོམ་ཐུབ་པར་བྱེད་དགོས་པའི་རེ་བ་བཏོན།

ཏང་ཙུའུ་ཁོངས་མི་ཡན་ཅིན་ཧའེ། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ལིག་ཐའོ། ཀྲུང་ཧོང་ཡོན། ཧྲིན་ཀྲང་གཞོན་པ་ཁོང་ཡུང་བཅས་གྲོས་ཚོགས་ལ་ཞུགས།