མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་བདེ་འཇགས་ཐོན་སྐྱེད་གཅིག་བསྡུས་བཅོས་སྐྱོང་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་ནས་བསྡུས།
2019.12.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་བདེ་འཇགས་ཐོན་སྐྱེད་གཅིག་བསྡུས་བཅོས་སྐྱོང་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་དང་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རང་འགན་རང་ཁུར་དང་ལས་སྲུང་འགན་ལེན་བྱེད་པ། མཐའ་གཅིག་ཏུ་དོན་རྐྱེན་ཆེན་པོ་འབྱུང་བར་བཀག་འགོག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་འཆམ་མཐུན་གཏན་འཇགས་དང་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་དགུ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གིས་བདེ་འཇགས་ཐོན་སྐྱེད་སྐོར་ནས་གནང་བའི་མཆན་བཀོད་མཛུབ་སྟོན། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་སྒྲོག་བྱས་པ་དང་། ཧྲིན་ཀྲང་གཞོན་པ་ཝང་ཀྲིན་ཧྲིན་གྱིས་ལེགས་སྒྲིག་བྱས་རྗེས་ཀྱི་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་ཐོ་སྒྲོག་འདོན་བྱས།

ལིག་ཉིང་གིས་བསྟན་དོན། ད་ལོར། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། གཏེར་ཁུངས་དང་གཞུང་ལམ་འགྲིམ་འགྲུལ། བཟོ་སྐྲུན་འཛུགས་སྐྲུན། མེ་གསོད། གནས་སྐོར་སོགས་ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཆེད་དོན་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ལ། དཔྱད་ཞིབ་སྐོར་ཞིབ་དང་ལྟ་ཞིབ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་དང་། དོན་རྐྱེན་ཚོད་འགོག་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། དོན་རྐྱེན་ཆེན་པོ་འབྱུང་བར་བཀག་འགོག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གཏན་འཇགས་གནས་བབ་སྲ་བརྟན་དུ་བཏང་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་མགོ་ནི་བདེ་འཇགས་ཐོན་སྐྱེད་ཀྱི་གནད་འགག་དུས་སྐབས་ཡིན་པས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཚན་རིག་དང་མཐུན་པའི་སྒོ་ནས་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་། འགན་འཁྲི་ལག་བསྟར་བྱེད་པ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། ཚེ་སྲོག་གཙོ་བོར་འཛིན་པ་དང་བདེ་འཇགས་དང་པོར་འཛིན་པའི་བསམ་བློ་དར་སྤེལ་གཏོང་བ། བདེ་འཇགས་ཐོན་སྐྱེད་གཅིག་བསྡུས་བཅོས་སྐྱོང་གི་ཆེད་དོན་འགུལ་སྐྱོད་ཀྱི་གཙོ་ཐིག་ཁོང་དུ་ཆུད་པར་བྱེད་པ། ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས་དང་གཞུང་ལམ་འགྲིམ་འགྲུལ། མི་མང་འདུས་སྡོད་བྱེད་ས་བཅས་གནད་འགག་གསུམ་གྱི་ཁྱབ་ཁོངས་དམ་འཛིན་བྱེད་པ། སྲིད་གཞུང་གི་འགོ་ཁྲིད་འགན་འཁྲི་དང་སྡེ་ཁག་གི་ལྟ་སྐུལ་འགན་འཁྲི། ཁེ་ལས་ཀྱི་གཙོ་གཞི་འགན་འཁྲི། བདེ་འཇགས་ཨུ་ཡོན་ལྷན་ཁང་གི་བྱ་བའི་འགན་འཁྲི་བཅས་ལག་བསྟར་ནན་མོ་བྱེད་པ། སྔོན་དུ་བདེ་འཇགས་ཉེན་ཁ་ཆེན་པོར་དབྱེ་ཞིབ་དང་བརྡར་ཤ་གཅོད་པ། སྟོབས་ཤུགས་ཡོད་རྒུས་བདེ་འཇགས་ཚོད་འགོག་བྱེད་ཐབས་ལག་བསྟར་བྱས་ཏེ། རིགས་མི་འདྲ་བའི་དོན་རྐྱེན་སྣ་ཚོགས་འབྱུང་བར་བཀག་འགོག་ནན་མོ་བྱེད་དགོས་ཟེར།

ལིས་ཅེ་ཞང་གིས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་རེ་བ་བཏོན་ནས་ནན་གྱིས་བསྟན་དོན། ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་བདེ་འཇགས་ཐོན་སྐྱེད་གཅིག་བསྡུས་བཅོས་སྐྱོང་བྱ་བ་བརྟན་བརླིང་ངང་སྤེལ་བ་དང་། འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འཕྲལ་བསྟུན་ལས་སྲུང་ལ་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་རྒྱུན་མཐུད་ངང་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་ད་ལོའི་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། 2020ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས་ལ། མཚོ་སྔོན་ཞིང་ཆེན་གྱི་ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་བདེ་འཇགས་ཐོན་སྐྱེད་གཅིག་བསྡུས་བཅོས་སྐྱོང་བྱ་བའི་ལག་བསྟར་ཇུས་གཞིར་གསལ་བཤད་བྱས། ཞིང་ཆེན་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་སྤྱིའི་རུ་ཁག་དང་ཟི་ལིང་གྲོང་ཁྱེར་དང་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི་བཅས་ཀྱིས་ཚོགས་ར་གཙོ་བོ་དང་རང་སོ་སོའི་ཡན་ལག་ཚོགས་ར་ནས་གཏམ་བཤད།