ཞི་ཅིན་ཕིང་གིས་ཡུན་ནན་དུ་སྡོད་པའི་དམག་དཔུང་ལ་གཟིགས་ཞིབ་གནང་།
2020.01.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་དགུ་དང་ཚེས་ཉི་ཤུ་ཉིན་གཉིས་ལ་ཡུན་ནན་དུ་སྡོད་པའི་དམག་དཔུང་ལ་གཟིགས་ཞིབ་གནང་བ་དང་མཐའ་སྲུང་འཐབ་ཕྱོགས་དང་པོའི་དཔོན་དམག་རྣམས་ལ་འཚམས་འདྲི་ཞུས་པར་མ་ཟད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག དམངས་དམག་གི་གྲ་སྒྲིག་མི་སྣ་བཅས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་དང་ལོ་གནམ་ལོ་གསར་ཚེས་ལ་སྨོན་འདུན་བཟང་བོ་ཞུས།

ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་གི་སྟེང་། ཞི་ཅིན་ཕིང་རང་རྒྱལ་གྱི་ནུབ་ལྷོ་ས་མཚམས་སུ་ཡོད་པའི་མཐའ་སྲུང་དམག་སྒར་ག་གེ་མོའི་འཐབ་མོ་བའི་ཉལ་ཁང་དུ་ཕེབས་ཏེ་ཁོ་ཚོའི་བྱ་བ་དང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད། དམག་སྒར་གྱི་འཕྲོད་བསྟེན་ཁང་དུ་ཞི་ཅིན་ཕིང་གིས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་ནས། མཐའ་སྲུང་དམག་དཔུང་གི་སྨན་བཅོས་ཆ་རྐྱེན་སྔར་ལས་ལེགས་བཅོས་བྱུང་བ་དང་དཔོན་དམག་རྣམས་ཀྱི་རྒྱུན་ལྡན་འཚོ་བའི་དགོས་མཁོ་འགན་སྲུང་བྱས་པ་རྟོགས་རྗེས། ཁོང་ཉིད་ཧ་ཅང་དགའ་སྤྲོ་སྐྱེས་བྱུང་།

ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཁུན་མེན་གྲོང་ཁྱེར་ནས་ཡུན་ནན་དུ་སྡོད་པའི་དམག་དཔུང་གི་ཁྲི་དཔོན་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་མདའ་ཤོག་རིམ་པའི་ལས་ཁུངས་ཀྱི་འགོ་གཙོ་ལ་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། ཡུན་ནན་དུ་སྡོད་པའི་དམག་དཔུང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འཐབ་ཇུས་མཛུབ་སྟོན་རྦད་ཆོད་སྒོས་ལག་བསྟར་བྱས་ཏེ། བྱ་བ་སྣ་ཚོགས་ཏན་ཏན་ཏིག་ཏིག་སྒོས་བསྒྲུབས་པ་དང་། ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་པར་མ་ཟད། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་སྲུང་སྐྱོབ་བྱས་པ་དང་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཟེར།