ཞི་ཅིན་ཕིང་གིས་རིགས་གསར་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་རིམས་ནད་བྱུང་བར་མཛུབ་སྟོན་གལ་ཆེན་གནང་བ་དང་ལིས་ཁི་ཆང་གིས་དེའི་ཐད་ལ་མཆན་བཀོད་མཛུབ་སྟོན་གནང་།
2020.01.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཉེ་ལམ། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་སོགས་ས་ཁུལ་དུ་རིགས་གསར་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་རིམས་ནད་བྱུང་། རིམས་ནད་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ། ཧུའུ་པེ་ཝུའུ་ཧན་གྲོང་ཁྱེར་སོགས་ས་ཁུལ་དུ་ཉེ་ལམ་འཕྲོ་རིམ་འཕྲོར་རིགས་གསར་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་རིམས་ནད་བྱུང་བས། ཅིས་ཀྱང་དེ་ལ་མཐོང་ཆེན་བྱེད་པ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྔོན་འགོག་དང་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་དགོས། ད་ནི་ལོ་སར་ཐོན་ལ་ཡོད་པའི་སྐབས་ཡིན་པས། མི་སྣ་གཞི་ཁྱོན་ཆེན་པོས་འདུས་སྡོད་དང་འཁོར་རྒྱུགས་མང་བའི་དབང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ཧ་ཅང་གལ་ཆེ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཡོང་བ་གོ་གནས་དང་པོར་བཞག་སྟེ། ཇུས་གཞི་ཞིབ་མོ་གཏན་འཁེལ་བྱེད་པ་དང་ཕྱོགས་སོ་སོའི་སྟོབས་ཤུགས་རྩ་འཛུགས་བྱས་ནས་སྔོན་འགོག་དང་ཚོད་འཛིན་བྱ་བ་བསྒྲུབ་དགོས་ལ། ནུས་ལྡན་བྱེད་ཐབས་སྤྱད་དེ་རྦད་ཆོད་སྒོས་རིམས་ནད་རྒྱ་ཡན་དུ་འགྲོ་བའི་གནས་ཚུལ་གཏན་འགོག་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ། འབྲེལ་ཡོད་ལས་ཁུངས་སོ་སོ་དང་ས་གནས་ཀྱིས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་འགན་ཆེན་པོ་འཁུར་བའི་རྣམ་འགྱུར་བཟུང་ནས། ཁ་གཏད་ཇུས་གཞི་འཐུས་ཚང་དུ་གཏོང་བ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྔོན་འགོག་དང་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་དགོས་པར་མ་ཟད། སྔ་མོ་ནས་རྩད་ཆོད་པ་དང་སྔ་མོ་ནས་ཡར་ཞུ་བྱེད་པ། སྔ་མོ་ནས་ཁ་བགར་བ། སྔ་མོ་ནས་སྨན་བཅོས་དང་གཅིག་བསྡུས་སྒོས་མྱུར་སྐྱོབ་བྱེད་པའི་བྱེད་ཐབས་དངོས་འབེབས་བྱེད་དགོས་ཟེར།

ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལིས་ཁི་ཆང་གི་རེ་བ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འབྲེལ་སྔོན་འགོག་ཚོད་འཛིན་རྐྱེན་སྲོལ་གྱིས་ཚེས་ཉི་ཤུ་ཉིན་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ཏེ། རིགས་གསར་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་རིམས་ནད་གནས་ཚུལ་སྔོན་འགོག་དང་ཚོད་འཛིན་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རིགས་གསར་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་རིམས་ནད་ཀྱི་ཁ་གཏད་ཐག་གཅོད་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ། ས་གནས་ཀྱིས་རིམས་ནད་ལ་ཁ་གཏད་འཇལ་བ་དང་ཐག་གཅོད་པའི་བྱ་བ་བཟང་བོར་བསྒྲུབ་པར་མཛུབ་སྟོན་བྱེད་དགོས་པ་དང་།  ཧུའུ་པེ་ཞིང་ཆེན་སོགས་འབྲེལ་ཡོད་ས་གནས་ཀྱིས་འགན་འཁྲི་དངོས་འབེབས་བྱེད་པ་དང་། ནུས་ལྡན་བྱེད་ཐབས་སྤྱད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་པ་ནན་གྱིས་བསྟན།