ལིག་ཉིང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2020.01.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་དང་པོའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་མ་ལག་དང་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྒྱུར་བཅོས་སོགས་ཀྱི་དོན་ཚན་ལ་ཞིབ་འཇུག་བྱས་ནས་བཙུགས་པ་དང་། ཉིས་སྟོང་ཉི་ཤུ་ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཇེ་མཐོར་གཏོང་རྒྱུའི་སྐོར་གྱི་སྙན་ཞུར་ཉན་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ལུས་རྩལ་པ་དང་དེའི་རྩལ་འཁྲིད་པར་བྱ་དགའ་སྤྲོད་པའི་ལག་བསྟར་ཞིབ་སྲོལ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བསྟན་དོན། རྒྱལ་ཁོངས་བར་སྟོང་འཆར་འགོད་མ་ལག་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ། ཞིང་ཆེན་གྱི་གནས་ཚུལ་དངོས་དང་བསྟུན་རྒྱུ་རྒྱུན་འཁྱོངས་བྱེད་པ། འཆར་འགོད་མང་པོ་གཅིག་སྒྲིལ་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ། འཆར་འགོད་དོ་དམ་ལ་མཐོང་ཆེན་བྱེད་པ། འགྱུར་མེད་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། དོན་འཁྱོལ་དང་ཕན་འབྲས་ཐོན་པ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། རིམ་དབྱེ་རིགས་དབྱེ་དང་ས་ཁོངས་ཧྲིལ་པོའི་རྒྱལ་ཁོངས་བར་སྟོང་འཆར་འགོད་མ་ལག་མགྱོགས་མྱུར་འཛུགས་པ་བཅས་བྱེད་དགོས། འཐབ་ཇུས་རང་བཞིན་མཚོན་པ་དང་ཚན་རིག་དང་མཐུན་པའི་རང་བཞིན་ཆེ་རུ་གཏོང་བ། དབང་གྲགས་རང་བཞིན་ཆེ་རུ་གཏོང་བ། མཐུན་སྦྱོར་རང་བཞིན་ལ་ཤུགས་སྣོན་རྒྱག་པ། བཀོལ་སྤྱོད་རང་བཞིན་ལ་མཐོང་ཆེན་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོང་གི་སྤུས་ཚད་དེ་བས་མཐོ་བ་དང་ལས་ཆོད་དེ་བས་ཆེ་བ། དེ་བས་དྲང་སྙོམས་ཡོང་བ། དེ་བས་རྒྱུན་མཐུད་ཐུབ་པ་བཅས་ཡོང་བར་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྒྱུར་བཅོས་ནི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་དང་། གྲོང་གསེབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། སྒྱུར་བཅོས་དེའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ། ལག་བསྟར་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། སྒྱུར་བཅོས་བཀོད་སྒྲིག་ལ་ནོར་འཛོལ་མི་ཐོན་པ་དང་སྒྱུར་བཅོས་ལས་འགན་ཏན་ཏིག་ངང་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས། འབྲེལ་མཐུད་ལ་ཤུགས་སྣོན་དང་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་སྒྱུར་བཅོས་ཀྱི་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ། དཔུང་ཁག་ཟང་ཟིང་མི་བཟོ་བ་དང་ལས་དོན་རྒྱུན་ཆད་མེད་པར་སྤེལ་ནས་སྒྱུར་བཅོས་ལས་དོན་བརྟན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

གྲོས་ཚོགས་ལས་ད་དུང་ལས་རིམ་གཞན་ལའང་ཞིབ་འཇུག་བྱས།