མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།
2020.01.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་དང་པོའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་བྱ་བར་བླང་བྱ་བཏོན།

ལིག་ཉིང་གིས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོར་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་ཀྲུང་དབྱང་དང་ཞིང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། བཅོས་སྒྱུར་ལ་སྐུལ་འདེད་དང་དམངས་འཚོར་ཕན་འདོགས། ཉེན་ཁ་སྔོན་འགོག བརྟན་འཇགས་འགན་ལེན་བཅས་ཧུར་ཐག་བྱས་པས། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་གནས་སྟངས་རྒྱུན་མཐུད་བརྟན་འཇགས་བྱུང་བ་དང་། སྤྱི་ཚོགས་འགན་སྲུང་དམངས་ཕན་གྱི་ཕན་འབྲས་གང་ལེགས་མངོན་པ། ངལ་རྩོལ་འབྲེལ་བ་ཉིན་བཞིན་འཆམ་མཐུན། ཤེས་ལྡན་མི་སྣའི་མི་དོན་དོ་དམ་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། ཕྱོགས་བསྡུས་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད། ཉིས་སྟོང་ཉི་ཤུ་ལོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ། ལས་ཞུགས་བརྟན་པོ་ཡོང་བར་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་བ། སྤྱི་ཚོགས་འགན་སྲུང་དང་མི་དོན་ཤེས་ལྡན་མི་སྣ། ངལ་རྩོལ་འབྲེལ་བ། མི་དོན་དབུལ་སྐྱོར། ལས་རིགས་སྤྱོད་ལམ་འཛུགས་སྐྲུན་སོགས་ཀྱི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་བདེ་ལེགས་ངང་མཇུག་སྒྲིལ་ཆེད། གྲུབ་འབྲས་གསར་པ་དང་ལེགས་སྐྱེས་གསར་པ་འབུལ་དགོས་ཟེར། 

 གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས །འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལས་དོན་གཞི་རྐང་དུ་འཛིན་པ་དང་སྒྱུར་བཅོས་སྒོ་དབྱེ་སྒུལ་ཤུགས་སུ་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་དེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་ཐུབ་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་ཞུགས་བརྟན་པོ་དང་འདོན་སྤྲོད་འགན་ལེན། རྩལ་ནུས་མཐོར་གཏོང་། ཉེན་ཁ་སྔོན་འགོག གླ་ཆ་འགྱངས་ཆད་གཙང་སེལ་སོགས་ཀྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ནས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་གྱི་སྤྱི་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན། མ་ལག་རང་བཞིན་བཅས་ཆེ་རུ་བཏང་ནས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་བྱ་གཞག་ཡུན་རིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་སྤུས་ལེགས་ཞབས་ཞུའི་མཚན་སྙན་ཐོབ་པའི་མཚོ་སྔོན་གྱི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས།