ཞི་ཅིན་ཕིང་གིས་ཡུན་ནན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས།
2020.01.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ལུགས་རྙིང་ལོ་སར་ཐོན་ལ་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཡུན་ནན་ཞིང་ཆེན་དུ་ཕེབས་ཏེ་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས་པ་དང་རྒྱལ་ཡོངས་མི་དམངས་ལ་ལོ་སར་གྱི་སྨོན་འདུན་བཟང་བོ་ཞུས།

ཟླ་དང་པོའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཞི་ཅིན་ཕིང་ཡུན་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཧའོ་དང་ཧྲིན་ཀྲང་རོན་ཁྲིན་ཧྥ་གཉིས་དང་མཉམ་དུ་ཐིན་ཁྲུང་དང་ཁུན་མེན་སོགས་ཀྱི་ཞིང་སྡེ་དང་གནའ་གྲོང་། སྐྱེ་ཁམས་བརླན་ས། ཚོང་ར། རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་སོགས་ལ་རྟོག་ཞིབ་མཛད།

ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཐིན་ཁྲུང་གྲོང་ཁྱེར་ཆིན་ཧྥེ་ཞང་གི་སན་ཅ་སྡེ་བར་ཕེབས་ཏེ་དབུལ་ཕོངས་མཁྲེགས་གཏོར་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོང་གིས་བསྟན་དོན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་ན་མི་རིགས་གཅིག་ཀྱང་བསྐྱུར་མི་ཆོག་ལ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་མྱུར་དུ་འཕེལ་རྒྱུས་སུ་བཏང་ནས། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་རིགས་སོ་སོའི་མི་དམངས་ལོངས་སུ་སྤྱོད་དུ་འཇུག་དགོས་ཟེར།

ཚེས་ཉི་ཤུ་ཉིན། ཞི་ཅིན་ཕིང་ཁུན་མེན་གྲོང་ཁྱེར་གྱི་ཏེན་ཁྲི་ཞིན་ཧེ་ཕྱེད་གླིང་གི་སྐྱེ་ཁམས་བརླན་སར་ཕེབས་ཏེ། ཡུན་ནན་ཞིང་ཆེན་དང་ཁུན་མེན་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་པ་སོགས་ཀྱི་སྤྱིའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པར་ཏེན་ཁྲི་སྲུང་སྐྱོབ་བཅོས་སྐྱོང་དང་ཆུའི་སྤུས་ཚད་ཀྱི་ལེགས་བཅོས་གནས་ཚུལ་ལ་རྒྱུན་ལོན་ཟབ་མོ་བྱས། ཞི་ཅིན་ཕིང་གིས་བསྟན་དོན། ཡུན་ནན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་ཞིང་དེ་ལ་རང་ཉིད་ཀྱི་ཁྱད་ཆོས་ཡོད་པ་དང་། གནད་འགག་ནི་སྲུང་སྐྱོབ་ཀྱི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་རྒྱུ་དེ་ཡིན་ཟེར།

ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་ཏེ། ཡུན་ནན་ཞིང་ཆེན་གྱིས་བྱ་བ་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོང་གིས་བསྟན་དོན། ཡུན་ནན་ཞིང་ཆེན་གྱིས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་གོ་གནས་དང་ནུས་པར་ངོས་འཛིན་གསལ་བོ་བྱེད་པ་དང་ཁོང་དུ་ཆུད་པར་བྱེད་དགོས་ལ། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པ་དང་། འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག དམངས་ཚིས་ལེགས་བཅོས། ཉེན་ཁ་འགོག་སེལ། བརྟན་འཇགས་འགན་སྲུང་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་དགོས་པར་མ་ཟད། ཧུར་ཐག་སྒོས་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྣེ་ཁྲིད་མཁན་བྱེད་པ། ཨེ་ཤ་ཡ་ལྷོ་མ་དང་ཤར་མ་ས་ཁུལ་དུ་ཁ་ཕྱོགས་ཏེ་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་པ་དང་། ཡུན་ནན་ཞིང་ཆེན་གྱི་མཛེས་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས་ཟེར།

ཏའེ་ཞེའུ་ཞང་དང་ཁྲིན་ཞི། ཧི་ལིས་ཧྥིན། དེ་མིན་ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་གོང་གི་བྱ་འགུལ་ལ་ཞུགས།