མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས།
2020.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་གནས་ཚུལ་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན། ཙུང་ལི་་ལིས་ཁི་ཆང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་བཏོན་པའི་བླང་བྱ་གལ་ཆེན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གསར་བའི་གནས་ཚུལ་ཐད་ནས་བཀོད་པའི་མཆན་བཀོད་པའི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གིས་བཀོད་པའི་མཆན་བཀོད་མཛུབ་སྟོན་གྱིས་གློ་ཚད་ཀྱི་ཚོད་འགོག་ལ་ཤུགས་སྣོན་པའི་ཐད་ནས་རེ་བ་གསལ་བོ་བཏོན་པ་དང་། གློ་ཚད་ཚོད་འགོག་བྱ་བ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་པ་མཚོན་ལ། ང་ཚོས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་མཛུབ་སྟོན་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་ལག་བསྟར་ནན་མོ་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ཚོད་འགོག་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས། གློ་ཚད་ཚོད་འགོག་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་ཏན་ཏན་ཏིག་ཏིག་གིས་བསྒྲུབ་དགོས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་གོ་གནས་དང་པོར་འཇོག་པ་དང་། ཁྲིམས་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་གཏད་འཇལ་བ་རྒྱུན་འཁྱོངས་བྱེད་པ། གློ་ཚད་ལ་མཉམ་འགོག་བྱེད་པའི་ཇུས་གཞི་འཐུས་ཚང་དུ་གཏོང་བ། གློ་ཚད་ཀྱི་ལྟ་ཞིབ་ཚད་ལེན་བྱ་བ་བཟང་བོར་བསྒྲུབ་པ། ཚོད་འགོག་བྱེད་ཐབས་ལག་བསྟར་བྱེད་པ། ཚོད་འགོག་སྦྱོང་བརྡར་སྤེལ་ནས། ནང་འཇུག་རང་བཞིན་གྱི་བརྒྱུད་སྒྲོག་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་གནད་འགག་དུས་སྐབས་ཀྱི་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ཏེ། མང་ཚོགས་ཀྱི་རྟེན་གནས་བྱེད་པ་དང་མང་ཚོགས་སེམས་བདེ་བར་བྱེད་དགོས། ཆེད་དོན་སྨན་ཁང་གི་ནུས་པ་འདོན་སྤེལ་བྱེད་པ་དང་། སྨན་ཁང་ཚོས་དོགས་ཡོད་ནད་པ་དང་ལེན་བྱེད་པ། སྨན་བཅོས་མི་སྣའི་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་ནས། ལས་རེས་དང་ངལ་གསོ་ལ་བཀོད་སྒྲིག་འོས་འཚམ་བྱེད་དགོས། ཚན་རིག་ཁྱབ་གདལ་དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་། གླེང་ཕྱོགས་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས། སྤྱི་ཚོགས་སྤྱི་ཡོངས་གཏན་འཇགས་ཡོང་པར་ཁག་ཐེག་བྱེད་པ་དང་། ལྷིང་འཇགས་བདེ་འཇགས་ཀྱི་ལོ་སར་ཞིག་རོལ་བར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཙུང་ལི་ལིས་ཁི་ཆང་གིས་ལོ་སར་གྱི་སྔོན་དུ་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་མཛད་པ་དང་། མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་མཛད་པ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་པ་མཚོན་པ་དང་། ཙུང་ལི་ལིས་ཁི་ཆང་གིས་མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་བྱེད་བཞིན་པ་མཚོན་ལ། དེ་ང་ཚོར་མཚོན་ན་སྐུལ་ལྕག་ཡིན། ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཚོ་སྔོན་ལ་བཏོན་པའི་མཐོང་ཆེན་དང་ཐུགས་ཁུར་དེ་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་དངོས་སུ་བསྒྱུར་བ་དང་། བཟོ་སྐྲུན་གལ་ཆེན་གྱི་བྱ་བ་བཟང་བོར་བསྒྲུབ་ནས། རྨ་ཆུ་ཟི་ལིང་དུ་འདྲེན་པ་སོགས་ཀྱི་དམངས་ཚིས་བཟོ་སྐྲུན་གལ་ཆེན་གྱིས་མཚོ་སྔོན་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་བྱེད་དགོས། ཟི་ལིང་སྟོབས་ལྡན་དུ་བསྒྱུར་བའི་བྱ་བ་བཟང་བོར་བསྒྲུབ་པ་དང་། གནའ་མཁར་ཟི་ལིང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་བཟང་བོར་བསྒྲུབ་པ་དང་། ཕུད་པ་བཞི་དང་མི་ཕུད་པ་བཞིའི་རེ་བ་ལྟར་སྤུས་ཚད་མཐོན་པོས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་དགོས། ཁུལ་རྙིང་བསྒྱུར་བཀོད་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་གཏོང་དགོས། མཐོ་སྒང་གི་ནད་རིགས་འགོག་བཅོས་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས། གཞི་རྩར་འགན་སྲུང་བྱེད་པ་དང་ཡོངས་སུ་ཁེབས་པར་བྱེད་དགོས། དུས་ཆེན་གྱི་ཚོང་རའི་མཁོ་འདོན་ཐད་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། རིགས་སོ་སོའི་མང་ཚོགས་ཀྱིས་ལྷིང་འཇགས་བདེ་སྐྱིད་ཀྱི་ལོ་སར་ལ་རོལ་བར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།