ཝང་ཧུའུ་ཉིན་གྱིས་རིག་གནས་སློབ་གསོའི་ལས་རིགས་ཀྱི་མིང་གྲགས་མི་སྣ་དང་ཚན་རྩལ་ཆེད་མཁས་པར་འཚམས་འདྲི་བྱས།
2020.01.23 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 10

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཨུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིན་གྱིས་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རིག་གནས་སློབ་གསོའི་ལས་རིགས་ཀྱི་མིང་གྲགས་མི་སྣ་དང་ཚན་རྩལ་ཆེད་མཁས་པར་སྐོར་བརྒྱབ་པ་དང་། ཁོ་ཚོར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པར་མ་ཟད། རྒྱ་ཆེའི་རིག་གནས་སློབ་གསོའི་བྱ་བ་བྱེད་མཁན་དང་ཚན་རྩལ་བྱ་བ་བྱེད་མཁན་ལ་ལོ་སར་གྱི་རྟེན་འབྲེལ་ཞུས། 

ཝང་ཧུའུ་ཉིན་ཐོག་མར་མིང་དུ་གྲགས་པའི་གློག་བརྙན་འཁྲབ་སྟོན་སྒྱུ་རྩལ་པ་ལིས་ཞོས་ཅན་གྱི་ཁྱིམ་དུ་ཕེབས་ཏེ། ཁོས་བཞེངས་པའི་ཅོ་ཡུས་ལུའུ་དང་དབྱང་ཧྲན་ཀྲིག་སོགས་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་སྣང་བརྙན་ལ་ཁས་ལེན་བྱས་པ་དང་། ཁོའི་རིག་རྩལ་བྱ་གཞག་དར་རྒྱས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་གྲོས་གཞིར་གསན། དེའི་རྗེས་སུ་ཝང་ཧུའུ་ཉིན་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི། འགོག་སྲུང་བཟོ་སྐྲུན་གྱི་ཆེད་མཁས་པ་ཆན་ཆི་ཧུའུ་ཡི་ཁྱིམ་དུ་ཕེབས་ཏེ། ཁོས་རྒྱལ་སྲུང་ཚན་རྩལ་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་ཁས་ལེན་བྱས་པ་དང་། ཁོའི་ཚན་རྩལ་རྒྱལ་དར་དང་འབྲེལ་བའི་གྲོས་གཞིར་གསན། ཀྲུང་གོའི་ཚན་རྩལ་གླིང་གི་ཡོན་ཧྲི། རླུང་ཁམས་ཆེན་མོའི་དངོས་ལུགས་ཆེད་མཁས་པ་ཙུན་ཆིན་ཚོན་གྱི་ཁྱིམ་ནས། ཁོའི་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ་དང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་གྲོས་གཞིར་ཉན། ཀྲུང་གོའི་མི་དམངས་སློབ་ཆེན་གྱི་བཅའ་ཁྲིམས་རིག་པའི་དགེ་རྒན་ཆེན་མོ། མི་དམངས་སློབ་གསོ་བ་ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཀའོ་མེན་ཞོན་ལ་སྐོར་བརྒྱག་སྐབས། ཝང་ཧུའུ་ཉིན་གྱིས་ཁོའི་ལུས་ཕུང་དང་འཚོ་བའི་གནས་ཚུལ་དྲིས་པར་མ་ཟད། ཁོའི་ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས། ཚན་རིག་བཅས་འཛུགས་པའི་གྲོས་གཞིར་གསན། 

སློབ་གསོའི་ལས་རིགས་ཀྱི་མིང་གྲགས་མི་སྣ་དང་ཚན་རྩལ་ཆེད་མཁས་པ་དག་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རང་ཉིད་ལ་ཐུགས་ཁུར་ཟབ་མོ་གནང་བར་བཀའ་དྲིན་ཞུས་པ་དང་། ཏང་ཀྲུང་དབྱང་གིས་ཤུགས་ཆེན་པོས་རིག་གནས་སློབ་གསོ་དང་ཚན་རྩལ་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་ལ་གཟེངས་བསྟོད་བྱས། ཝང་ཧུའུ་ཉིན་གྱིས་བསྟན་དོན། རྒྱ་ཆེའི་རིག་གནས་སློབ་གསོའི་བྱ་བ་བྱེད་མཁན་དང་ཚན་རྩལ་བྱ་བ་བྱེད་མཁན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ཧུར་ཐག་སྒོས་རིག་གནས་ཀྱི་གསར་གཏོད་ནུས་པ་མཐོར་འདེགས་དང་། ཕུལ་བྱུང་འཇོན་མི་གསོ་སྐྱོང་བྱེད་པ། གནད་འགག་གི་ལག་རྩལ་གྲུབ་འབྲས་བརྩོན་ལེན་བྱེད་པ་སོགས་ཀྱི་ཐད་དུ་བྱས་རྗེས་གསར་བ་འཇོག་དགོས་ཞེས་གསུངས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཨུའི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་ཞེ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུང་མེན་གྱིས་མཉམ་དུ་འཚམས་འདྲི་བྱས་པར་མ་ཟད། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་ཡང་འཚམས་འདྲིའི་བྱ་འགུལ་ལ་ཞུགས། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།