ཞི་ཅིན་ཕིང་དང་དབྱི་ཐཱ་ལེའི་ཙུང་ལི་ཡིས་སོ་སོར་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོ་དང་དབྱི་ཐཱ་ལེའི་རིག་གནས་དང་གནས་སྐོར་ལོའི་ཚོགས་མགོ་རྩོམ་པའི་མཛད་སྒོར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། 
2020.01.23 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 12

ཟླ་དང་པོའི་ཚེས་ཉེར་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་དབྱི་ཐཱ་ལེའི་ཙུང་ལི་མཱ་ཐཱ་ལོས་ལཱ་གཉིས་ཀྱིས་སོ་སོར་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོ་དང་དབྱི་ཐཱ་ལེའི་རིག་གནས་དང་གནས་སྐོར་ལོའི་ཚོགས་དབྱི་ཐཱ་ལེའི་རོ་མཱ་ནས་ཚོགས་མགོ་བརྩམས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་དབྱི་ཐཱ་ལེ་ནི་ཤར་ནུབ་དཔལ་ཡོན་གྱི་ཕུལ་བྱུང་འཐུས་མི་ཡིན་ཞིང་། ལོ་ངོ་སྟོང་གཉིས་ཀྱི་ཡར་སྔོན་དུ། གནའ་བོའི་དར་གོས་ཚོང་ལམ་གྱིས་ལེ་དབར་སྟོང་ཁྲི་ཡིས་ཆོད་པའི་ཀྲུང་གོ་དང་དབྱི་ཐཱ་ལེའི་དཔལ་ཡོན་ལ་གཟི་མདངས་ལྡན་པར་བྱས། ད་ལྟ་བརྒྱུད་གཅིག་ལམ་གཅིག་གི་འདོད་བློས་ཡང་བསྐྱར་ང་ཚོས་ལོ་ངོ་སྟོང་ཕྲག་གི་མཛའ་མཐུན་འགྲོ་འོང་ལ་གསོན་ཤུགས་གསར་བ་རྒྱས་སུ་བཅུག་ཡོད་ཅེས་གསུངས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་དབྱི་ཐཱ་ལེ་རྒྱལ་ཁབ་གཉིས་ལ་ཕུན་སུམ་ཚོགས་པའི་རིག་གནས་དང་གནས་སྐོར་ཐོན་ཁུངས་ལྡན། ཀྲུང་གོ་དང་དབྱི་ཐཱ་ལེའི་རིག་གནས་དང་གནས་སྐོར་ལས་རིགས་ཀྱི་མི་སྣས་མཉམ་དུ་གནའ་བོའི་དཔལ་ཡོན་གྱི་དུས་སྐབས་གསར་བའི་གྲོས་མོལ་གྱི་གཟི་མདངས་རྒྱས་སུ་བཅུག་སྟེ། འཛམ་གླིང་དཔལ་ཡོན་སྣ་མང་ཅན་དང་རིག་གནས་མི་འདྲ་བའི་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་བྱས་རྗེས་གསར་བ་བཞག་ཡོད་ཅེས་གསུངས། 

མཱ་ཐཱ་ལོས་ལཱ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། དབྱི་ཐཱ་ལེ་དང་ཀྲུང་གོའི་བར་གྱི་མཛའ་མཐུན་ལོ་རྒྱུས་རིང་ཞིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ནི་གནའ་བོའི་དར་གོས་ཚོང་ལམ་སྟེང་གི་མི་རིགས་མི་འདྲ་བ་དང་ས་ཁོངས་མི་འདྲ་བའི་བར་བརྗེ་རེས་བྱེད་མཁན་གཙོ་བོ་ཡིན་པ་དང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་སྨོན་བྱེད་བཞིན་ཡོད། དེང་སྐབས་ཀྱི་འཛམ་གླིང་ཉིན་རེ་བཞིན་སྣ་མང་རྙོག་འཛིང་ཅན་དུ་འགྱུར་བའི་གནས་བབ་འོག ང་ཚོས་ཕན་ཚུན་རྒྱབ་བརྟེན་དང་གཉིས་ཕན་མཉམ་ལས་བྱེད་པའི་རིན་ཐང་ལ་ངེས་ཤེས་ཟབ་མོ་ཡོད་པར་བྱས་ཏེ། སྤུས་ཚད་མཐོ་བའི་མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། ལག་རྡང་སྦྲེལ་ནས་མ་འོངས་པའི་འགྲན་རྩོད་ཐག་གཅོད་བྱེད་དགོས་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།