བློ་མཐུན་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་ལ་ཁ་པར་བཏང་། 
2020.01.23 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 55

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་གཉིས་ཉིན་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་། 

མའོ་ཁི་ཨར་གྱིས་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་ལོ་སར་གྱི་བཀྲ་ཤིས་སྨོན་འདུན་ཞུས། 

ཞི་ཅིན་ཕིང་གིས་མའོ་ཁི་ཨར་དང་འཇར་མན་གྱི་མི་དམངས་ལ་ལོ་སར་གྱི་འཚམས་འདྲི་མཛད། ཞི་ཅིན་ཕིང་གིས་བསྟན་དོན། ད་ལོར་ཀྲུང་གོ་དང་འཇར་མན། ཀྲུང་གོ་དང་ཡོ་རོབ་གླིང་བར་ཆབ་སྲིད་ཀྱི་གྲོས་རིམ་གལ་ཆེན་ཡོད་ཅིང་། ཕྱོགས་གཉིས་ཀྱིས་ངེས་པར་དུ་འབྲེལ་འདྲིས་སྲུང་འཛིན་བྱས་ཏེ། མཉམ་དུ་ཀྲུང་གོ་དང་འཇར་མན། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་དེར་ལོ་གསར་བའི་ནང་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་གསུང་། 

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་འཛམ་གླིང་ཡོངས་ཀྱི་གནས་བབ་སྔར་ལས་ཟང་ཟིང་དུ་འགྲོ་བཞིན་ཡོད། ཀྲུང་གོ་དང་འཇར་མན་གྱིས་འགན་འཁྲི་གལ་ཆེན་ཁུར་དུ་བླངས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཇར་མན་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་བསམ་བློའི་འཛིན་སྟངས་ལས་བརྒལ་བའི་མཉམ་ལས་མཁན་དུ་འགྱུར་བའི་རེ་བ་ཡོད། ཀྲུང་གོ་ཡིས་འབྲེལ་ཡོད་རྒྱལ་ཁབ་བར་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱིས་ཡོ་རོབ་གླིང་ཕྱོགས་དང་འཇར་མན་ཕྱོགས་འདུས་པའི་ཉོ་ཚོང་གྲོགས་པོ་གཞན་པའི་བར་གྱི་ཁེ་ཕན་ལ་ཤུགས་རྐྱེན་འབྱུང་མི་སྲིད་པ་དང་། ཀྲུང་གོའི་ཚོང་ར་སྔར་ལས་འཕར་སྣོན་འབྱུང་སྲིད། ཀྲུང་གོ་ཕྱོགས་དང་འཇར་མན་གྱིས་མཉམ་ལས་གཉིས་ཕན་གྱི་སྙིང་སྟོབས་བཟུང་སྟེ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། མི་གཞུང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་འཆར་འགོད་སྔར་ལས་བཟང་བོ་བྱེད་འདོད་ཡོད་པ་དང་། འཇར་མན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་ཁེ་ལས་པས་འཇར་མན་ནས་མ་དངུལ་གཏོང་བར་འདྲ་མཉམ་འགྲན་རྩོད་བྱེད་པའི་ཆ་རྐྱེན་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་དང་མཉམ་དུ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བཅོས་བསྒྱུར་སོགས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་གནད་དོན་ཐད་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཅེས་གསུངས། 

མའོ་ཁི་ཨར་གྱིས་བསྟན་དོན། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འཕེལ་རྒྱས་མཉམ་ལས་གྲོགས་པོའི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། འཇར་མན་དང་ཀྲུང་གོའི་བར་ཐུན་མོང་གི་ཁྱད་ཆོས་མང་བོ་ཡོད། ཕྱོགས་གཉིས་ཀྱི་རིམ་པ་སོ་སོར་ཕན་འབྲས་ལྡན་པའི་གྲོས་མོལ་དང་བརྗེ་རེས་སྲུང་འཛིན་བྱས་ཏེ་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་བར་འབྲེལ་འདྲིས་མཐུན་སྦྱོར་ཟབ་མོ་བྱས་ཏེ། ལེགས་འགྲུབ་འབྱུང་བར་འགན་སྲུང་བྱེད་པ་དང་། ཁྱད་པར་དུ་ཡོ་རོབ་གླིང་དང་ཀྲུང་གོའི་དངུལ་གཏོང་གྲོས་ཆོད་དང་། མཉམ་དུ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ། ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་སོགས་ཐད་ནས་གྲུབ་འབྲས་བཟང་བོ་ལོན་པར་བྱེད་དགོས། ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དག་དང་ཀྲུང་གོའི་བར་གྱི་མཉམ་ལས་ནི་ཡོ་རོབ་གླིང་དང་ཀྲུང་གོའི་མཉམ་ལས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཟེར། 

མའོ་ཁི་ཨར་གྱིས་བསྟན་དོན། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཀྱིས་དུས་ལྟར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཐག་གཅོད་བྱས་པ་དང་། མངོན་གསལ་ཡོངས་བསྒྲགས་སྲུང་འཛིན་བྱས་ཏེ་རྒྱལ་སྤྱིའི་བར་མཉམ་ལས་བྱས་པར་གཟེངས་བསྟོད་བྱས། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་ལས་བྱེད་འདོད་ཡོད་ཟེར། ཞི་ཅིན་ཕིང་གིས་བཀའ་དྲིན་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་འདུས་པའི་རྒྱལ་སྤྱིའི་སྤྱི་ཚོགས་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པ་ནན་བཤད་མཛད། 

མའོ་ཁི་ཨར་གྱིས་ཞི་ཅིན་ཕིང་གིས་ཉེ་སྔོན་མཐོ་རིམ་འཐུས་མི་མངག་ནས་ལི་པུ་ཡཱའི་གནད་དོན་གྱི་པའོ་ལིན་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་བཀའ་དྲིན་ཞུས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།