མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཚོས་སོ་སོར་བློ་མཐུན་རྒན་པ་དང་ཞིང་ཆེན་རིམ་པའི་ཏང་ཕྱིའི་མི་སྣ། དབུལ་སྐྱོར་བྱ་བ་སྒྲུབ་མཁན་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱས།
2020.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཚོས་སོ་སོར་ཞིང་ཆེན་རིམ་པའི་ལས་འཁྱུར་དང་ལས་བྲལ་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་དང་། ཞིང་ཆེན་རིམ་པའི་ཏང་ཕྱིའི་མི་སྣ་དང་དབུལ་སྐྱོར་བྱ་བ་སྒྲུབ་མཁན་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། ཁོ་ཚོར་དུས་ཆེན་གྱི་འཚམས་འདྲི་གནང་།

ཟླ་དང་པོའི་ཚེས་བདུན་ཉིན་ནས་ཚེས་བཅུ་གཉིས་ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་། ཀྲང་ཧྲིན་ཁྲིན། མཱ་ཧའེ་དབྱིན་བཅས་ཀྱིས་སོ་སོར་བློ་མཐུན་སངས་རྒྱས་སྐྱབས་དང་པད་མ། ཀྲའོ་ཆི་ཀྲུང་། ཝང་ཞའོ་ཆེན། དཀོན་མཆོག ཝང་ཞའོ་ཡུས། ཡུའེ་ཧྲི་ཧྲུའུ། ལིས་ཀྲུང་པའོ། པོ་དབྱི་ཀྲི་དང་བློ་མཐུན་ཧན་དབྱིན་ཞོན་གྱི་ཁྱིམ་མི་བཅས་ལ་འཚམས་འདྲི་བྱས་ནས། བློ་མཐུན་རྒན་པ་ཚོའི་ལུས་ཕུང་གནས་ཚུལ་དང་འཚོ་བའི་དགོས་མཁོ་ལ་སེམས་ཁུར་དང་རྒྱུས་ལོན་བྱས་པ་དང་། བློ་མཐུན་རྒན་པ་ཚོར་ལོ་སར་སྐྱིད་པོ་ཞིག་རོལ་བ་དང་འཚོ་བ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས་པ་མ་ཟད། བློ་མཐུན་རྒན་པ་ཚོར་ཞིང་ཆེན་སྲིད་གྲོས་ཀྱི་ན་ནིང་གི་བྱ་བ་གཙོ་བོ་དང་ད་ལོའི་བྱ་བ་གཙོ་བོ་ངོ་སྤྲོད་བྱས་པ་དང་། བློ་མཐུན་རྒན་པ་ཚོའི་བསམ་འཆར་བསྡུ་ལེན་བྱས།

རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། བློ་མཐུན་རྒན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་རྩ་ཆེན་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལས་དོན་སྣ་ཚོགས་ཁྲོད་ཞུགས་མཁན་དང་བྱས་རྗེས་འཇོག་མཁན་ཡིན་ལ། བློ་མཐུན་རྒན་པ་ཚོས་སྔར་བཞིན་དུ་མཚོ་སྔོན་གྱི་འཕེལ་རྒྱས་དང་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས།

 རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ཕྱོགས་གནས་གསར་བ་དང་འགན་འཁྲི་གསར་བ་ཁོང་དུ་ཆུད་པར་བྱེད་པ། མུ་མཐུད་དུ་བློ་མཐུན་རྒན་པ་ཚོའི་ཕུལ་བྱུང་སྤྱོད་ཚུལ་དར་སྤེལ་གཏོང་བ། ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་གཏན་འཇགས་ཀྱི་ཁྱོན་ཡོངས་ལ་དམ་དུ་དམིགས་པ། འགན་སྒྲུབ་ནན་མོ་བྱེད་པ། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་འབད་འཐབ་བྱེད་དགོས། བློ་མཐུན་རྒན་པ་ཚོས་ཞིང་ཆེན་སྲིད་གྲོས་ཀྱིས་ཕྱོགས་གཉིས་ཤུགས་འདོན་བྱས་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་བླངས་པར་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། མུ་མཐུད་དུ་ཞིང་ཆེན་ཡོངས་དང་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བར་དོ་སྣང་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ཤུགས་འདོན་དགོས་ཟེར།

ཟླ་དང་པོའི་ཚེས་བདུན་ཉིན། ཝང་ཞའོ་ཡུང་གིས་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཚབ་བྱས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝེ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཕྱིའི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཝང་ཞོན། ཏུའུ་ཏི་ཀྲི་བཅས་ལ་འཚམས་འདྲི་བྱས་པ་དང་། ཁོ་ཚོས་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་། རྒྱུན་མཐུད་ངང་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོར་སྐུལ་འདེད་གཏོང་བ་སོགས་ཕྱོགས་ནས་བྱས་རྗེས་གལ་ཆེན་བཞག་པར་བཀའ་དྲིན་ཞུས། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་དང་འབྲེལ་འདྲིས་མཉམ་ལས་གཏིང་ཟབ་བྱེད་པ་དང་། མཚོ་སྔོན་གྱི་རིགས་སོ་སོ་ལས་རིགས་སོ་སོའི་མི་སྣས་ནམ་ཡང་བློ་གཅིག་སེམས་གཅིག་བྱེད་པར་སྣེ་ཁྲིད་བྱེད་དགོས་ཟེར། ཞིང་ཆེན་རིམ་པའི་ཏང་ཕྱིའི་མི་སྣ་སོ་སོས་མཐའ་གཅིག་ཏུ། རིགས་གསར་བའི་སྲིད་ཏང་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པ། མུ་མཐུད་དུ་མཉམ་ལས་མདུན་སྐྱོད་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་གི་ལྟ་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུས་དགོས་ཟེར།

ཟླ་དང་པོའི་ཚེས་བཅུ་དགུ་ཉིན། རྡོ་རྗེ་རབ་བརྟན་ཞིང་ཆེན་སྲིད་གྲོས་ཀྱི་དབུལ་སྐྱོར་འབྲེལ་འདྲིས་བྱེད་ས་མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུའུ་ཧོང་ཧྲོས་ཆོན་ཞང་དུ་སོང་ནས། དབུལ་སྐྱོར་བྱ་བ་སྒྲུབ་མཁན་གྱི་གཞི་རིམ་ལས་བྱེད་པ་དང་དཀའ་ཁག་མང་ཚོགས། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་སྡེ་སྡོད་དབུལ་སྐྱོར་ལས་བྱེད་པར་འཚམས་འདྲི་བྱས།