ལིག་ཉིང་གིས་ཟི་ལིང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་སྲུང་བྱ་བར་ཞིབ་བཤེར་བྱས།
2020.01.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 209

ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་ཟི་ལིང་ཚའོ་ཅཱ་པོ་གནམ་གྲུ་ཐང་དང་ཞིང་ཆེན་མི་དམངས་སྨན་ཁང་དུ་སོང་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་སྲུང་བྱ་བར་ཞིབ་བཤེར་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་། ཙུང་ལི་ལིས་ཁི་ཆང་གི་མཚན་བཀོད་མཛུབ་སྟོན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་རེ་བ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། ལྟ་ཞིབ་ཚད་ལེན་དང་འགོག་སྲུང་བྱེད་ཐབས་ལག་བསྟར་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཏོག་དབྱིབས་ནད་དུག་གསར་བའི་འགོག་སྲུང་ར་བ་བརྟན་པོ་འཛུགས་དགོས་ཟེར།

ཟི་ལིང་ཚའོ་ཅཱ་པོ་གནམ་གྲུ་ཐང་དུ། ལིག་ཉིང་གིས་གནམ་གྲུ་ཐང་གི་ཚོད་འགོག་བྱེད་ཐབས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་ཞིབ་གསལ་བོ་བྱས། ཧུའུ་པེ་ཝུའུ་ཧན་ནས་ཡོང་བའི་ཧུའུ་པེ་ཝུའུ་ཧན་གྱི་འགྲུལ་བ་བརྒྱ་དང་ཉེར་བརྒྱད་གནམ་གྲུ་ཐང་ལ་ཐོན་པ་ཤེས་རྗེས། ལིག་ཉིང་གིས་ཧ་ཅང་མཐོང་ཆེན་བྱས་པ་དང་། ས་ཆ་སོ་སོའི་གནམ་གྲུ་ཐང་དང་རླངས་འཁོར་ས་ཚིགས་ཀྱིས་ཝུའུ་ཧན་སོགས་ས་ཁུལ་ནས་ཡོང་བའི་འགྲུལ་བའི་ལུས་ཕུང་ལ་བརྟག་དཔྱད་ནན་མོ་བྱེད་པ་དང་། ཚ་བ་རྒྱས་པའི་མི་སྣར་བརྟག་དཔྱད་དང་ནད་བརྟག་སྨན་བཅོས་བྱེད་པ་མ་ཟད། ཆེད་སྤྱོད་ལམ་བུ་བཙུགས་ནས། མི་མང་པོར་ཐུག་པར་བཀག་འགོག་བྱེད་པ་དང་། དོགས་ཡོད་ནད་པ་ཡོད་ཚེ། སེམས་ཞིབ་མོས་དྲིལ་སྒྲོག་འགྲེལ་བཤད་བྱ་བ་བཟང་བོར་བསྒྲུབ་ནས། ས་གནས་དེ་ནས་རིམས་ནད་ལ་བརྟག་དཔྱད་དང་སྨན་བཅོས་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར། འབྲེལ་ཡོད་སྡེ་ཁག་གིས་གཞོགས་འདེགས་དང་སྦྲེལ་མཐུད་བཟང་བོ་བྱས་ཏེ། མཉམ་འགོག་མཉམ་འཛིན་གྱི་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས། འགོག་སྲུང་ཤེས་བྱའི་དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་བྱེད་པ་དང་ཁ་གཏད་ཡང་དག་འཇལ་ནས། རང་ཉིད་དབྱེ་འབྱེད་དང་རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་མཐོར་འདེགས་བྱེད་དགོས་ཟེར།

ཞིང་ཆེན་མི་དམངས་སྨན་ཁང་དུ། སྨན་བཅོས་མི་སྣ་བརྒྱ་ལྷག་གིས་རང་འགུལ་གྱིས་རེ་ཞུ་བྱས་ནས་སྒོ་བསྟེན་སྨན་ཁང་དུ་གྲ་སྒྲིག་བཟང་བོ་བྱས་ཡོད་པ་མཐོང་ཚེ། ལིག་ཉིང་གིས་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། མིག་སྔར། ཏོག་དབྱིངས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་སྲུང་གནས་བབ་ཧ་ཅང་ཛ་དྲག་ཆེ་བས། སྣང་མེད་ལྷོད་གཡེང་བྱེད་མི་རུང་ལ། རིམ་པ་སོ་སོའི་སྨན་བཅོས་ལས་ཁུངས་ཀྱིས་འགོག་བཅོས་ཇུས་གཞི་གཏན་འབེབས་བྱེད་པ་དང་། སྨན་བཅོས་རྒྱུད་རིམ་འཐུས་ཚང་དུ་གཏོང་བ། རེ་བ་ལྟར་ཚ་རྒྱས་སྒོ་བསྟེན་གྱི་ནད་པ་སྣེ་ལེན་བྱེད་པའི་རྐྱེན་སྲོལ་འཛུགས་པ། གློ་ཚད་ཀྱི་ནད་པ་སྨན་བཅོས་བྱེད་སའི་མཐའ་འཁོར་དུ་ཚོད་འགོག་ཁྱབ་ཁོངས་ཀྱི་དབྱེ་མཚམས་བགར་བ། ལྷག་པར་དུ་གློ་ཚད་འབྱུང་ས་གཙོ་བོ་ནས་ཕྱིར་མཚོ་སྔོན་དུ་ལོག་པའི་མི་ཚོགས་ལ་ཡང་བསྐྱར་འཚམས་འདྲི་བྱས་ཏེ། དུས་ལྟར་བརྟག་དཔྱད་བྱས་ནས་རིམས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཚོད་འགོག་སྨན་བཅོས་བྱེད་ཐབས་ལག་བསྟར་བཟང་བོ་བྱེད་དགོས། བརྟག་དཔྱད་དང་སྨན་བཅོས། ཚོད་འགོག་སོགས་ཀྱི་སྨན་རྫས་འགན་སྲུང་མཁོ་འདོན་བཟང་བོར་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ལུས་ཕུངས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་མཉམ་དུ་ཞིབ་བཤེར་བྱས།