ལིག་ཉིང་གིས་ཚན་རིག་ཞིབ་འཇུག་མི་སྣར་འཚམས་འདྲི་བྱེད་སྐབས་ཚན་རིག་སྙིང་སྟོབས་བླ་རུ་བཀུར་ནས་ཚན་རྩལ་གྱི་སྟོབས་ཤུགས་བེད་སྤྱོད་གང་ལེགས་བྱེད་དགོས་པ་ནན་བཤད་བྱས།
2020.01.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 54

ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཚན་རིག་ཞིབ་འཇུག་བྱ་བར་རྟོག་ཞིབ་བྱས་པ་དང་ཚན་རིག་རྟོག་ཞིབ་མི་སྣར་འཚམས་འདྲི་བྱེད་སྐབས་ནན་གྱིས་བསྟན་དོན། ཚན་རིག་སྙིང་སྟོབས་བླ་རུ་བཀུར་ནས་ཚན་རྩལ་གྱི་སྟོབས་ཤུགས་བེད་སྤྱོད་གང་ལེགས་བྱེད་དགོས་ལ། ཚན་རྩལ་གྱི་གཞོགས་འདེགས་འོག་ཏུ་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱང་བསྐྱོད་གསར་བ་ལག་བསྟར་བྱེད་པར་རྨང་གཞི་འདིང་དགོས་ཟེར།

ལིག་ཉིང་སྔ་གཞུག་ཏུ་ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དང་། ཀྲུང་གོའི་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོའི་ཞིབ་འཇུག་ཁང་དུ་སོང་ནས་ཚན་རིག་ཞིབ་འཇུག་མི་སྣར་འཚམས་འདྲི་བྱས་ཤིང་། ཐེངས་གཉིས་པའི་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་དཔྱོད་ཞིབ་འཇུག་བྱ་བའི་གནས་ཚུལ་སྙན་ཞུར་ཉན་པ་དང་། ཚྭ་མཚོའི་ས་གཤིས་དང་ཁོར་ཡུག་གི་ཚན་རིག་འགྲེམ་སྟོན་ལ་བལྟས། གཙང་གསུམ་འབྱུང་ཡུལ་ཧྲིལ་བོ་ལྗང་མདོག་ཏུ་གྱུར་བ་དང་ས་ཁོངས་ཀྱི་སྐྱེ་དངོས་སྣ་མང་ཅན་སླར་གསོ་བྱེད་པར་གྲུབ་འབྲས་མངོན་གསལ་ཐོབ་ཡོད། རྒྱུད་ཆད་ལ་ཉེ་བའི་གཙོད་ལ་སྲུང་སྐྱོབ་གང་ལེགས་ཐོབ་འདུག ལིག་ཉིང་གིས་ཐེངས་གཉིས་པའི་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་དཔྱོད་ཞིབ་འཇུག་བྱ་བའི་གྲུབ་འབྲས་ལ་གསན་རྗེས་དགའ་སྤྲོ་ཆེན་པོ་བྱུང་། ཁོས་བཤད་རྒྱུར། འདས་པའི་ལོ་གཅིག་གི་ནང་ཚན་རིག་ཞིབ་འཇུག་མི་སྣས་དཀའ་སྡུག་མ་འཛེམ་པར་སྤྱི་ལེ་ཁྲི་ཕྲག་འགའི་ལམ་ཐག་བརྒྱུད་དེ་མ་དཔེ་དང་རྒྱུ་ཆ་འཚོལ་སྡུད་བྱས་ཏེ། ཤུགས་རྐྱེན་ཆེ་བའི་དཔྱད་རྩོམ་སྤེལ་ནས། ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པ་དང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་གཞོགས་འདེགས་གལ་ཆེན་འདོན་སྤྲོད་བྱས། ངས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཚང་མར་གུས་འདུད་དང་བཀའ་དྲིན་ཞུས་པ་ཡིན་ཟེར། 

ལིག་ཉིང་གིས་ནན་གྱིས་བསྟན་དོན། ཚན་རྩལ་ནི་དུས་རབས་ཤིག་གི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན་ཞིང་། མིའི་རིགས་ཀྱི་ཐེངས་རེའི་གོང་འཕེལ་གང་ཡིན་ཡང་ཚན་རྩལ་གྱི་སྟོབས་ཤུགས་དང་འབྲལ་ཐབས་མེད། མཚོ་སྔོན་ནི་མཚོ་བོད་མཐོ་སྒང་དུ་གནས་ཤིང་། ཡུལ་བབ་རྙོག་འཛིང་སྣ་མང་ཡིན་པ་དང་། དཔལ་འབྱོར་སྤྱི་ཚོགས་ཅུང་རྗེས་ལུས་ཡིན་པས། ཚན་རྩལ་བྱ་བར་ཤུགས་སྣོན་བྱེད་དགོས་ལ། ཁྱད་པར་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚན་རྩལ་གཞོགས་འདེགས་ནུས་པ་ཇེ་མཐོར་གཏོང་དགོས་ཟེར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་བོད་མཐོ་སྒང་གི་ཚན་རིག་ཞིབ་འཇུག་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་ཤིང་། མཚོ་བོད་མཐོ་སྒང་ལ་རྐང་འཛུགས་པ་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས། མཚོ་སྔོན་གྱི་འགན་འཁྲི་འདོན་སྤེལ་གང་ལེགས་བྱེད་པ། ཕྱོགས་ཡོངས་ནས་ཚན་རིག་ཞིབ་འཇུག་བྱ་བར་རྒྱབ་སྐྱོར་བྱེད་པ། ཚན་རྩལ་ཤེས་ལྡན་མི་སྣར་སེམས་ཁུར་བྱས་ཏེ། ཚན་རིག་ཞིབ་འཇུག་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་དགོས། ཚན་རིག་གི་སྙིང་སྟོབས་བླ་རུ་བཀུར་ནས། ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་། འཁོར་སྐྱོད་ཆོས་ཉིད་གསར་རྙེད་དང་དེར་བརྩི་འཇོག་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉམ་འབྲེལ་ལ་སྐུལ་འདེད་བཏང་། ཧུར་ཐག་སྒོས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་དངོས་འབེབ་བྱེད་པ་དང་། གྲུབ་འབྲས་སྙན་ཞུ་དང་མཉམ་སྤྱོད་རྐྱེན་སྲོལ་བཙུགས་ནས། ཚན་རྩལ་གྲུབ་འབྲས་དེ་སྤུས་ལེགས་གཅིག་དང་ཚད་མཐོ་གཉིས་ལ་སྐུལ་འདེད་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་བསྒྱུར་དགོས་ཟེར། 

ཧྲིན་ཀྲང་གཞོན་པ་ཀྲང་ལོས་ཀྱིས་མཉམ་དུ་རྟོག་ཞིབ་འཚམས་འདྲི་བྱས།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།