ཝང་ཅན་ཅུན་གྱིས་རིམས་ནད་ཚོད་འགོག་ཐག་གཅོད་བྱ་བར་ཞིབ་བཤེར་བྱས།
2020.01.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་རིམས་ནད་ཚོད་འགོག་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝང་ཅན་ཅུན་སྨན་ཁང་དུ་སོང་ནས། ཏོག་དབྱིངས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་བརྟག་སྨན་བཅོས་བཀོད་སྒྲིག་དང་ཞིབ་དཔྱད་ལྟ་ཞིབ་བྱ་བར་ཞིབ་བཤེར་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་སྨན་ཁང་དུ་ལས་གནས་སྲུང་བའི་སྨན་བཅོས་མི་སྣར་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཚོད་འགོག་དང་ཐག་གཅོད་བྱེད་པའི་བྱ་བ་དེ་མིག་སྔར་གྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། རིམས་ནད་ཚོད་འགོག་དང་ཐག་གཅོད་བྱ་བ་བཟང་བོར་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་། སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཝང་ཅན་ཅུན་ཐོག་མར་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དུ་སོང་ནས། སྨན་ཁང་གི་སྨན་བཅོས་བྱ་བའི་བཀོད་སྒྲིག་གནས་ཚུལ་དང་མིག་སྔར་གནས་པའི་དཀའ་ཁག་ལ་རྒྱུས་ལོན་བྱས་པ་དང་། ཚ་བ་རྒྱས་པའི་ནད་པ་སྣེ་ལེན་བྱེད་པའི་རྒྱུད་རིམ་དང་སྨན་བཅོས་ཚད་གཞི་སོགས་ཐད་ནས་གསལ་བོ་དྲིས་པ་མ་ཟད། སྨན་ཁང་གིས་ཚོད་འགོག་ཐག་གཅོད་ཇུས་གཞི་དང་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་། ཚགས་འདེམ་ནན་མོ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཐག་བཅད་དེ། སྟོབས་ཤུགས་ཡོད་རྒུས་ཚ་བ་རྒྱས་པའི་ནད་པའི་ནད་བརྟག་སྨན་བཅོས་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་རུ། ཝང་ཅན་ཅུན་གྱིས་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་བཀོད་སྒྲིག་དང་ཟུར་བཀར་ཁུལ་བཀོད་སྒྲིག ནད་བརྟག་སྨན་བཅོས་སོགས་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། སྨན་ཁང་གིས་ཆེད་དུ་ཁང་བ་བཀོད་སྒྲིག་བྱེད་པ་དང་སྨན་ཁང་དུ་ཞག་སྡོད་བྱས་ནས་བརྟག་བཅོས་བྱེད་པ། ལས་རེས་འགན་སྲུང་སོགས་ཀྱི་བྱེད་ཐབས་སྤྱད་པར་ཁས་ལེན་གང་ལེགས་བྱས་པ་དང་། གློ་ཚད་ཀྱི་ནད་པའི་སྨན་བཅོས་བྱེད་སར་གཏན་ཁེལ་བྱས་པའི་སྨན་ཁང་གི་འགོག་སྲུང་སྒྲིག་ཆས་དང་སྨན་བཅོས་སྒྲིག་ཆས་ལ་འགན་སྲུང་ནན་མོ་བྱེད་པ་དང་། མི་སྣ་བཀོད་སྒྲིག་བྱེད་པ་དང་མི་ཡོངས་ལ་གསོ་སྦྱོང་བྱས་ཏེ། སྨན་བཅོས་མི་སྣའི་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། སྨན་བཅོས་ཐོན་ཁུངས་ཆ་སྡེབས་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། ཞིང་ཆེན་རིམས་ནད་འགོག་བཅོས་ལྟེ་གནས་སུ། ཝང་ཅན་ཅུན་གྱིས་ཚོད་འགོག་བྱེད་ཐབས་དང་ལྟ་ཞིབ་ནུས་པ། འཕྲལ་བསྟུན་ལས་རེས་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་ཀྱི་གནས་ཚུལ་ལ་དབྱེ་འབྱེད་བྱེད་པ་དང་་འཕྲལ་བསྟུན་ཐག་གཅོད་བཟང་བོ་བྱས་ནས། ཆེད་ལས་ཀྱི་ཆུ་ཚད་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ཐད་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱེད་པ་དང་། རིམས་ནད་མཆེད་པ་དང་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན། 

ཝང་ཞའོ་དང་མཱ་ཅི་ཞའོ། ཁོང་ཡུང་བཅས་ཀྱིས་མཉམ་དུ་ཞིབ་བཤེར་བྱས།