མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་དང་ཞིང་ཆེན་རིམས་ནད་ཚོད་འཛིན་དང་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས།
2020.02.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་དང་ཞིང་ཆེན་རིམས་ནད་ཚོད་འཛིན་དང་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་བརྒྱད་པ་བརྙན་རིས་ཀྱི་རྣམ་པའི་སྒོ་ནས་བསྡུས། ཚོགས་ཐོག་ནས་རང་ཞིང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ཚོད་འཛིན་དང་འགོག་བཅོས་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། ཞིང་ཆེན་སྲིད་གཞུང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་ཁ་གཏད་འཇལ་བ་དང་ཁེ་ལས་ཆུང་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར།  ལས་གཞི་གཙོ་བོ་ཡང་བསྐྱར་ལས་འགོ་རྩོམ་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་དང་མཚོ་སྔོན་ཞིང་ཆེན་གྱི་རིག་དངོས་བདེ་འཇགས་དོ་དམ་བྱེད་ཐབས་གཉིས་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ལིག་ཉིང་གིས་འགོ་མཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། རིམས་ནད་བྱུང་བའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་དང་གཅིག་གྱུར་མཐུན་སྦྱོར། གཅིག་གྱུར་བཀོད་གཏོང་འོག ཞིང་ཆེན་གོང་འོག་ཡོངས་ཀྱིས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་པ་དང་། ཡིད་ཆེས་ཆེར་བསྐྱེད་དང་དཀའ་ངལ་མཉམ་སེལ། ལུགས་མཐུན་འགོག་བཅོས། གནད་ཁེལ་ཇུས་བསྟར་བཅས་ཀྱི་རེ་བ་ལྟར། མྱུར་དུ་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཆེན་པོའི་རིམ་པ་དང་པོའི་ཁ་གཏད་འཇལ་ཐབས་ལག་བསྟར་བྱས་པ་དང་། ཁྱོན་ཡོངས་ནས་བཀོད་སྒྲིག་ཞིབ་མོ་བྱས་ལ། མཉམ་འགོག་མཉམ་འཛིན་ལ་ཤུགས་སྣོན་དང་སྟོབས་ཤུགས་ཡོད་རྒུས་ནད་པར་སྨན་བཅོས་བྱས་པ་དང་། དངོས་ཟོག་མཁོ་འདོན་འགན་སྲུང་ལ་ཤུགས་བསྣན་པ་དང་། གོ་རིམ་ལྡན་པའི་སྒོ་ནས་ལས་ཀ་འགོ་བརྩམས་པ་དང་ཐོན་སྐྱེད་བྱེད་འགོ་བརྩམས་ལ། རིམས་ནད་བྱུང་སའི་ཚོད་འཛིན་དང་འགོག་བཅོས་ལ་རྒྱབ་སྐྱོར་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིམས་ནད་ཚོད་འཛིན་དང་འགོག་བཅོས་བྱ་བ་ཁྲིམས་ལྟར་དང་ཚན་རིག་དང་མཐུན་པ། གོ་རིམ་ལྡན་པའི་སྒོ་ནས་སྤེལ་བས། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མིག་སྔར། རིམས་ནད་ཚོད་འཛིན་དང་འགོག་བཅོས་དེ་ལོ་སར་གྱི་ངལ་གསོའི་དུས་སྐབས་ནས་ལོ་སར་རྗེས་ཀྱི་ཁེ་ལས་དང་ལས་ཁུངས་ཀྱི་ལས་འགོ་རྩོམ་པའི་དུས་རིམ་གསར་བར་སླེབས་ཡོད་ལ། སྐབས་འདིར་རིམས་ནད་རྒྱ་མཆེད་པ་དང་འགོ་བའི་ཉེན་ཁ་ལྡན་པ་མ་ཟད་ཐོན་སྐྱེད་འཕེལ་རྒྱས་ཀྱི་བྲེལ་མྱུར་ལས་འགན་ཡང་མདུན་དུ་ལྷགས་ཡོད་པས། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། རིམས་ནད་ལ་འགོག་རྒོལ་བྱེད་པའི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱེད་པ། སྐོར་ཐེངས་གཉིས་པའི་ཞིབ་བཤེར་ཁྱོན་ཡོངས་ནས་འགོ་རྩོམ་པ། ཚོད་འཛིན་འགོག་བཅོས་དང་ལོག་འགར་བྱེད་ཐབས་འཐུས་ཚང་དུ་གཏོང་བ། སྨན་བཅོས་མི་སྣ་ཡོངས་ལ་གསོ་སྦྱོང་བྱེད་པ་དང་ནད་པར་ནད་བརྟག་སྨན་བཅོས་བྱེད་པར་ཤུགས་སྣོན་པ། དངོས་ཟོག་བཀོད་གཏོང་དང་མཁོ་འདོན་བྱེད་པར་ཤུགས་སྣོན་པ། རང་ས་གནས་ཀྱི་ཁེ་ལས་ཀྱིས་འཕྲལ་བསྟུན་ཚོད་འཛིན་དང་འགོག་བཅོས་ཐད་ཀྱི་དངོས་ཟོག་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་གཏོང་བར་རྒྱབ་སྐྱོར་བྱེད་པ། ཁེ་ལས་འཕེལ་རྒྱས་དང་ལས་གཞི་གལ་ཆེན་ཡང་བསྐྱར་ལས་འགོ་རྩོམ་པའི་ཐད་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ནས། རིམས་ནད་ཚོད་འཛིན་དང་འགོག་བཅོས་ཀྱི་འགོག་རྒོལ་གཡུལ་འགྱེད་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ལེན་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། རིག་དངོས་བདེ་འཇགས་ནི་རིག་དངོས་སྲུང་སྐྱོབ་ཀྱི་དམར་མཚམས་དང་ཚད་མཐའ། ཚེ་སྲོག་ཡིན་པས། ལོ་རྒྱུས་ལ་འགན་ཁུར་བ་དང་མི་དམངས་ལ་འགན་ཁུར་བ། མ་འོངས་པར་འགན་ཁུར་བའི་རྣམ་པས་རིག་དངོས་བདེ་འཇགས་དོ་དམ་བྱེད་ཐབས་གཏན་འབེབས་དང་ལག་བསྟར་བཟང་བོ་བྱེད་པ་དང་། དོ་དམ་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། རིག་དངོས་ཀྱི་རིན་ཐང་སྔོག་འདོན་དང་འདོན་སྤེལ་གང་ལེགས་བྱེད་པ། རིག་དངོས་ལ་བརྟེན་ནས་གནས་སྐོར་ལ་སྐུལ་འདེད་གཏོང་བ་དང་། ལོ་རྒྱུས་ལ་བརྟེན་ནས་རིག་དངོས་འགྲེམ་སྟོན་བྱས་ཏེ། སྤུས་ལེགས་འཚོ་བ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཡན་ཅིན་ཧེ་དང་ཁོང་ཡུང་ཚོགས་ར་གཙོ་བོ་ནས་གྲོས་ཚོགས་ལ་ཞུགས་པ་དང་། ཝང་ལིས་མེན་དང་དབྱང་ཧྥུན་ཁྲུན། ཐེན་ཅིན་ཁྲིན། ལིག་ཐའོ་བཅས་བརྙན་རིས་ཀྱི་ལམ་ནས་ཚོགས་འདུར་ཞུགས།

རིན་ཆེན་མཚོས་བསྒྱུར།