རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་ཨུ་ཡོན་ཡོད་སའི་ཁེ་ལས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བར་རྟོག་ཞིབ་བྱས།
2020.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཟི་ལིང་གྲོང་ཁྱེར་མཚོ་སྔོན་ཐའེ་ཧྥུན་ཞན་ཞིན་ལཱིས་ནུས་ཚན་རྩལ་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་འཇིགས་མེད་བོད་སྨན་སྨན་ལས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞའོ་ཞི་ཉིག་འོ་ལས་ཚད་ཡོད་ཀུང་ཟི་སོགས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཡོད་སའི་ཁེ་ལས་སུ་སོང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན། ཐོན་སྐྱེད་སླར་གསོ་བྱ་བར་རྟོག་ཞིབ་བྱས་པ་དང་། སྲིད་གྲོས་ཨུ་ཡོན་དང་ཁེ་ལས་ཀྱི་ལས་བཟོ་པའི་བསམ་བློའི་རྣམ་པར་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། ཁེ་ལས་ལ་མྱུར་བར་མཁོ་བའི་ཁ་ཐུམ་དང་ཆང་བཅུད་སོགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དངོས་ཟོག་བྱིན།

རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་ཨུ་ཡོན་ཡོད་སའི་ཁེ་ལས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོན་སྐྱེད་སླར་གསོ་གྲ་སྒྲིག་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ཚུན་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་དང་རྒྱ་ཆེའི་སྨན་བཅོས་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་ལེན་མཐར་ཕྱིན་བྱས་ནས། ཞིང་ཆེན་ཕྱིའི་ནད་པ་རང་ཞིང་དུ་ཡོང་བར་བཀག་འགོག་དང་ཞིང་ཆེན་ནང་ཁུལ་ནས་རིམས་ནད་མཆེད་པར་བཀག་འགོག་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་སྲུང་བྱས་པ་དང་ཕན་ཡོད་འགོག་བཅོས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་བླངས་པ་དང་། བསྟུད་མར་ཉིན་བདུན་རིང་ནད་ངོས་བཟུང་བའི་ནད་པ་དང་དོགས་ཡོད་ནད་པ་གཅིག་ཀྱང་མ་བྱུང་བ་དང་། ནད་ངོས་བཟུང་ནས་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱེད་པའི་ནད་པ་བཅོ་བརྒྱད་ལས་ནད་པ་དགུ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད། དེས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ཀྱི་རྒྱལ་ཁ་ལེན་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་བ་དང་། རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བ་སླར་གསོ་བྱེད་པའི་ཐད་མཐུན་རྐྱེན་བསྐྲུན་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། སྲིད་གྲོས་ཨུ་ཡོན་ནི་ཕྱོགས་སོ་སོའི་ཕུལ་བྱུང་ཤེས་ལྡན་མི་སྣ་ཡིན། མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་དེ་གནད་འགག་གི་དུས་རིམ་དུ་སླེབས་ཡོད་པས། ངེས་པར་དུ་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་རྒྱུ་དམ་འཛིན་བྱེད་དགོས། རྒྱལ་ཁབ་ཀྱི་ཆེད་དུ་འགན་སྒྲུབ་བྱེད་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ལག་བསྟར་བྱེད་པའི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། འགོ་ཁྲིད་དེ་འདུ་ཤེས་ལག་བསྟར་བྱེད་པ་དང་སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་རེ་བ་ལག་བསྟར་བྱས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། འགོ་ཁྲིད་དེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དམ་འཛིན་བྱེད་པ་དང་། ཕྱོགས་གཅིག་ནས་གཏན་འཇགས་དྲུག་གི་བྱ་བ་དམ་འཛིན་བྱེད་པའི་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པ་དང་། ཐོན་སྐྱེད་སླར་གསོ་དང་བྱ་བ་ཡང་བསྐྱར་འགོ་རྩོམ་པའི་གྲ་སྒྲིག་བྱ་བ་སྣ་ཚོགས་བརྟན་བརླིང་ངང་བསྒྲུབ་པ། རིམས་ནད་ཀྱིས་ཁེ་ལས་ཚོང་གཉེར་ཐོན་སྐྱེད་ཐད་ཐེབས་པའི་གནོད་པ་ཇེ་ཆུང་དུ་བཏང་སྟེ། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་མཉམ་དུ་རྟོག་ཞིབ་བྱས།

རིན་ཆེན་མཚོས་བསྒྱུར།