མཱ་ཅི་ཞའོ་ཡིས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། རྨ་ལྷོ་ཁུལ་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་གནས་སུ་འབད་འཐབ་བྱེད་བཞིན་པའི་ལས་བཟོ་བར་འཚམས་འདྲི་བྱས།
2020.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་སུ་སོང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་གནས་སུ་འབད་འཐབ་བྱེད་བཞིན་པའི་ལས་བཟོ་བར་འཚམས་འདྲི་བྱས་པར་མ་ཟད། ཁོ་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བཟོ་ཚོགས་རྩ་འཛུགས་ཀྱི་དྲོད་ཁོལ་བསྐྱལ།

ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན། མཱ་ཅི་ཞའོ་སོགས་སྔ་གཞུག་ཏུ་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་དང་མཚོ་སྔོན་དབྱི་ཧྭ་རྫས་འགྱུར་བཟོ་ལས་ཚད་ཡོད་འགན་ལེན་ཀུང་ཟི། ཟི་ལིང་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ཅུའུ། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་ཏཱ་ཀྲུང་སྲང་ལམ་ཡོན་ཧྲན་སྡོད་ཁུལ་སོགས་ལས་ཁུངས་དང་སྡོད་ཁུལ་དུ་སོང་ནས། ཞལ་འདེབས་དངོས་ཟོག་ཕུལ་བ་དང་སྐྱེལ་འདྲེན་གནས་ཚུལ དང་། ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་བྱེད་པའི་གནས་ཚུལ་ཐད་རྒྱུས་ལོན་གསལ་བོ་བྱས། ཁོས་བསྟན་དོན། ད་ལྟ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བའི་ཆེས་གནད་འགག་གི་དུས་སྐབས་ཡིན་པས། རྒྱུན་མཐུད་ངང་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། ཐོན་སྐྱེད་ཁེ་ལས་སོ་སོས་ལས་བཟོ་པའི་བདེ་ཐང་བདེ་འཇགས་ལ་འགན་སྲུང་བྱེད་པའི་གནས་ཚུལ་འོག་མྱུར་དུ་ཐོན་སྐྱེད་སླར་གསོ་བྱེད་དགོས་ཟེར།

ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། མཱ་ཅི་ཞའོ་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དང་ཐུན་རིན་རྫོང་། ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་སོགས་སུ་སོང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་གནས་ཀྱི་འགྲིམ་འགྲུལ་ཉེན་རྟོག་པ་དང་ལས་རེས་མི་སྣ། སྨན་བཅོས་མི་སྣ། ཞང་དང་གྲོང་རྡལ་གྱི་ལས་བཟོ་པའི་འཐུས་ཚབ་མི་སྣ་བཅས་ལ་འཚམས་འདྲི་བྱས་པ་དང་། ལས་རེས་མི་སྣའི་ངལ་གསོ་དང་བཟའ་བཏུང་། མི་སྒེར་འགོག་སྲུང་དང་ལས་རེས། བྱ་བའི་བརྒྱུད་རིམ་སོགས་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས།ན ཁོས་ནན་གྱིས་བསྟན་དོན། ལས་ཁུངས་སོ་སོས་རིམས་འགོག་ལས་གནས་ཀྱི་ལས་བཟོ་བ་དང་སྨན་བཅོས་མི་སྣའི་བདེ་ཐང་ཞིབ་བཤེར་བྱ་བ་དང་ངལ་གསོ་བཀོད་སྒྲིག་བཟང་བོ་བྱས་ནས། ཁོ་ཚོའི་བདེ་འཇགས་དང་ངལ་གསོ་ལ་འགན་སྲུང་བྱེད་དགོས། འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་ལས་བྱེད་པ་དང་ཏང་ཡོན་སྔོན་དུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བའི་བཀོད་སྒྲིག་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་ལག་བསྟར་ནན་མོ་བྱེད་པ། མང་ཚོགས་ཚོགས་པའི་སྟོབས་ཤུགས་འདོན་སྤེལ་བྱས་ཏེ། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་པའི་ཐད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།