ལིག་ཉིང་གིས་ཟི་ལིང་སློབ་ཆེན་གྱི་ལས་གཞི་འཛུགས་སྐྲུན་དང་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་བྱས།
2020.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ལིག་ཉིང་གིས་ཟི་ལིང་སློབ་ཆེན་གྱི་ལས་གཞི་འཛུགས་སྐྲུན་དང་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། སློབ་གསོ་པུའུ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་བཀོད་འདོམས་པུའུ་བཅས་ཀྱི་བླང་བྱ་ལྟར། ཐོག་མཐའ་བར་གསུམ་དུ་དགེ་སློབ་ཀྱི་བདེ་འཇགས་བདེ་ཐང་ཨང་དང་པོར་བཞག་སྟེ། གཙོ་གནད་འབུར་ཐོན་དང་། གཅིག་གྱུར་འཆར་འགོད། ཕྱོགས་ཡོངས་ལ་ལྟ་རྟོག རིགས་བགོས་མཛུབ་སྟོན། ཁུལ་བགོས་ཇུས་བསྟར་བཅས་བྱས་ཏེ། སློབ་གསོ་དང་སྔོན་འགོག་ཚོད་འཛིན་གྱི་གཡུལ་ས་མཐའ་གཅིག་ཏུ་སྲུང་དགོས་ཟེར།

ལིག་ཉིང་གིས་ཡུལ་དངོས་ནས་ཟི་ལིང་སློབ་ཆེན་གྱི་ལས་གཞི་འཛུགས་སྐྲུན་བྱ་ཡུལ་ལ་ཞིབ་ལྟ་དང་སློབ་གྲྭ་གྲབས་འཛུགས་ཀྱི་གནས་ཚུལ་ལ་ཉན་རྗེས་བསྟན་དོན། སློབ་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་ཐད་ནས་མཐོ་བ་དང་སྤུས་ལེགས། ཆུང་བ། དམིགས་བསལ། གསར་པ་བཅས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། གྲོང་ཁྱེར་འཛུགས་སྐྲུན་དང་རིག་ཚན་འཛུགས་སྐྲུན་ཟུང་འབྲེལ་དམ་ཟབ་བྱེད་པ། ཆེད་མཁས་པའི་བསམ་འཆར་དང་གྲོསགཞི་བསྡུ་ལེན་གང་ལེགས་བྱེད་པ། དུས་རབས་ཀྱི་རང་བཞིན་མངོན་པར་བྱེད་པ། མཚོ་སྔོན་གྱི་ཁྱད་ཆོས་མངོན་གསལ་དོད་པོར་གཏོང་བ། ཕན་འབྲས་མཐོ་བའི་གྲོན་ཆུང་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ། འབྱུང་འགྱུར་གྱི་འཕེལ་རྒྱས་ཆེད་དུ་འཆར་འགོད་བཟོ་བ་བཅས་བྱས་ནས། ཁྱད་ཆོས་མངོན་གསལ་དོད་པ་དང་ལེགས་ཆ་མངོན་གསལ་དོད་པ། ནང་དོན་གྱིས་ཕྱུག་པ་བཅས་ཀྱི་ལོ་བརྒྱའི་མཐོ་རིམ་སློབ་གྲྭ་བསྐྲུན་དགོས་ཟེར།

དེའི་རྗེས་སུ་ལིག་ཉིང་མཚོ་སྔོན་སློབ་ཆེན་དུ་སོང་ནས་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དང་དངོས་ཟོག་གྲབས་གསོག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། སློབ་གྲྭར་ཡོད་པའི་ཕྱི་འགྲིམ་སློབ་མར་འཚམས་འདྲི་བྱས། ལིག་ཉིང་གིས་ཕྱི་རྒྱལ་གྱི་སློབ་མས་ཀྲུང་གོའི་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཡིད་ཆེས་ཆེན་པོ་བྱེད་པ་ཐོས་སྐབས་བཤད་རྒྱུར། ཚང་མ་ས་ཆ་གང་ནས་ཡོང་རུང་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་ཡིན། དམིགས་བསལ་དུས་སྐབས་སུ་སྔར་ལས་ཡིད་ཆེས་ཆེར་བསྐྱེད་དང་དཀའ་ངལ་མཉམ་སེལ། ཕན་ཚུན་རོགས་རེས་བཅས་བྱས་ཏེ། མཉམ་དུ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོར་སྒྲུབ་དགོས་པ་དང་། ལྷག་པར་དུ་རང་ངོས་ནས་འགོག་སྲུང་ཡག་པོ་བྱས་ཏེ་དཀའ་ངལ་མགྱོགས་མྱུར་ངང་སེལ་ཐུབ་པར་ཡིད་ཆེས་བྱེད་དགོས་ཟེར།

ལིག་ཉིང་གིས་དེའི་རྗེས་ནས་བསྡུས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཏུ། སྔ་ཕྱིར་ཞིང་ཆེན་སློབ་གསོ་ཐིན་དང་མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། ཟི་ལིང་གྲོང་ཁྱེར་སློབ་འབྲིང་བདུན་པ་བཅས་ཀྱི་འགན་འཁུར་བས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་གསར་རྩོམ་གྱི་གྲ་སྒྲིག་ལས་དོན་སྤེལ་ཚུལ་སྐོར་ནས་སྙན་ཞུ་ཕུལ་བར་ཉན། ལིག་ཉིང་གིས་བསྟན་དོན། མཚོ་སྔོན་གྱིས་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་རིམ་པ་དང་པོའི་ཁ་གཏད་འཇལ་ཐབས་ལག་བསྟར་བྱེད་འགོ་བརྩམས་པ་ནས་བཟུང། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ཧུར་བརྩོན་དང་རང་འགུལ་ངང་ལས་དོན་སྤེལ་བ། རིམས་ནད་སྔོན་འགོག་ཚོད་འཛིན་ཏན་ཏིག་བཅས་བྱས་པས་ལས་དོན་ཁག་ནུས་ལྡན་དང་གོ་རིམ་ལྡན་པ། ཕན་ནུས་ལྡན་པ་བཅས་བྱུང་ཡོད་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། སློབ་གསོའི་ལས་དོན་འདི་ཉིད་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱ་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཆེན་པོ་ཡོད། བསམ་ཇུས་གཅིག་གི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་རིམས་ནད་གནས་བབ་དང་མཚོ་སྔོན་གྱི་དོན་དངོས་ལ་ཕྱོགས་བསྡུས་བསམ་གཞིག་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་གྲྭའི་སློབ་འགོ་རྩོམ་པའི་དུས་ཚོད་གཏན་འཁེལ་བྱས་ཏེ། སློབ་འགོ་རྩོམ་པའི་གྲ་སྒྲིག་ལས་དོན་ཕྱོགས་ཡོངས་ནས་ཡག་པོར་བསྒྲུབ་དགོས། ཚད་མཐའི་བསམ་ཕྱོགས་རྒྱུན་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་པ་དང་སློབ་གྲྭ་རེར་ཐབས་ཇུས་རེ་འདོན་པ་དང་། འཕྲལ་སྡོམ་ཇུས་གཞི་བཟོ་བ། འཐུས་སྒོ་ཇེ་ཚང་དུ་གཏོང་བ། སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་འགན་ལེན་ལ་ཤུགས་སྣོན་པ། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ནས། སློབ་གསོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་བརྟན་སྲུང་མཐའ་གཅིག་ཏུ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་དང་ལུས་ཕུང་སྦྱོང་བརྡར་ཡག་པོ་བྱེད་པ་དང་། སློབ་མའི་སྤྱི་པའི་འཕྲོད་བསྟེན་དང་བསམ་བློ་ཆབ་སྲིད་སོགས་ཀྱི་སློབ་ཚན་ཡག་པོར་སྤེལ་ནས། དགེ་སློབ་ཚོའི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་སྔར་ལས་འཕེལ་བར་བྱེད་དགོས། སློབ་གསོའི་བྱ་གཞག་གི་འཕེལ་ཕྱོགས་གསར་པ་དང་བླང་བྱ་གསར་པ་དང་བསྟུན་ནས། ཉེན་ཁར་སྐབས་བསྟུན་མཁས་པོ་བྱེད་པ་དང་། དྲ་རྒྱའི་ལག་རྩལ་བེད་སྤྱོད་གང་ལེགས་བྱེད་པ། དྲ་ཐོག་སློབ་ཁྲིད་ལེགས་པོར་སྤེལ་བ་བཅས་བྱས་ཏེ། སློབ་ཁྲིད་བྱེད་མཚམས་བཞག་ཀྱང་སློབ་སྦྱོང་མཚམས་མི་འཇོག་པ་བྱེད་དགོས། འགན་འཁྲི་ནན་ནན་ཏན་ཏིག་བཏང་ནས་སློབ་གསོ་སློབ་ཁྲིད་དང་། ལས་གཞི་འཛུགས་སྐྲུན། ལས་ཞུགས་མཛུབ་ཁྲིད་སོགས་ཀྱི་ལས་དོན་ཁག་གཅིག་གྱུར་གྱིས་ཡག་པོར་བསྒྲུབ་ནས། སློབ་གྲྭའི་བརྟན་འཇགས་དང་དགེ་སློབ་ཀྱི་བདེ་ཐང་ལ་འགན་ལེན་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཡིས་ལིག་ཉིང་དང་མཉམ་དུ་ཟི་ལིང་སློབ་ཆེན་གྱི་ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་། ཧྲིན་ཀྲང་གཞོན་པ་ལིག་ཐའོ་བཅས་གོང་གསལ་བྱེད་སྒོར་ཞུགས་པར་མ་ཟད། དེ་བསྟུན་གྱི་བླང་བྱ་མངོན་གསལ་བཏོན།

བན་དེ་སྐྱབས་ཀྱིས་བསྒྱུར།