ཉེའོ་ཁྲིན་ཡུན་གྱིས་མཚོ་ཤར་གྱི་རྨོ་འདེབས་ཐོན་སྐྱེད་དང་ཁེ་ལས་བསྐྱར་འཛུགས་བྱ་བར་རྟོག་ཞིབ་བྱས།
2020.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར་དུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉེའོ་ཁྲིན་ཡོན་གྱིས་མཚོ་ཤར་གྲོང་ཁྱེར་མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དང་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་། དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་བཅས་ཀྱི་དཔྱིད་འདེབས་དང་ཁེ་ལས་གཙོ་བོའི་ལས་འགོ་བསྐྱར་རྩོམ་བྱ་བར་རྟོག་ཞིབ་བྱས།

ཉེའོ་ཁྲིན་ཡུན་གྱིས་བསྟན་དོན། མིག་སྔར་རིམས་ནད་ཀྱིས་དཔྱིད་རྨོ་ཐོན་སྐྱེད་དང་ཁེ་ལས་ཀྱི་ཐོན་སྐྱེད་རྣམ་པར་ཤུགས་རྐྱེན་བཟོ་བཞིན་ཡོད་ནའང་།  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་སྔར་བཞིན་ཧ་ཅང་ཛ་དྲག་ཡིན་པས། ང་ཚོས་ངེས་པར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དམ་པོར་བཟུང་སྟེ་བག་མེད་ལྷོད་གཡེང་གཏན་ནས་བྱེད་མི་རུང་། དེ་དང་ཆབས་ཅིག་ཏུ། དཔྱིད་རྨོ་ཐོན་སྐྱེད་དང་ཁེ་ལས་ཀྱི་ལས་འགོ་བསྐྱར་རྩོམ་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཀྱི་གནས་སུ་ལྷུང་ཡོད་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་རྨོ་ཐོན་སྐྱེད་ཀྱི་ལྟེ་བའི་ལས་འགན་གཉིས་ལ་དམ་པོར་དམིགས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུར་ལྷོད་གཡེང་མི་གཏོང་བ་དང་། དཔྱིད་རྨོ་ཐོན་སྐྱེད་དང་ཁེ་ལས་ཀྱི་ལས་འགོ་བསྐྱར་རྩོམ་བྱས་ནས་ཐོན་སྐྱེད་བྱེད་མཚམས་མི་འཇོག་པ། ཕྱོགས་གཉིས་དམ་འཛིན་ནན་མོ་བྱེད་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་གཉིས་ཀར་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།