ཡན་ཅིན་ཧེ་ཡིས་ཞིང་སྤྱོད་དངོས་རྫས་གྲབས་གསོག་སྐྱེལ་འདྲེན་བྱ་བར་རྟོག་ཞིབ་བྱས།
2020.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཞིང་ཆེན་མཁོ་ཚོང་ཁང་གི་ཞིང་སྤྱོད་དངོས་རྫས་གསོག་ཉར་ཁང་དང་ཧོང་ཀྲུང་རྫོང་གི་ས་བོན་ས་ཚིགས་སོགས་སུ་སོང་ནས། ཞིང་སྤྱོད་དངོས་རྫས་གྲབས་གསོག་དང་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།

ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། རིམས་འགོག་ལ་ལྷོད་གཡེང་བྱེད་མི་རུང་བ་དང་རྨོ་འདེབས་བྱ་བར་དེ་ལས་ཀྱང་འགོར་འགྱངས་བྱེད་མི་རུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཞིང་སྤྱོད་དངོས་རྫས་མཁོ་སྤྲོད་འགན་ལེན་ལས་དོན་དམ་འཛིན་ཡག་པོ་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་པ། ལས་ཀའི་མཉམ་ཤུགས་ཆགས་པ་བཅས་བྱས་ནས། ཞིང་སྤྱོད་དངོས་རྫས་གྲབས་གསོག་འདང་ངེས་དང་སྤུས་ཚད་ལེགས་པ། རིན་གོང་བརྟན་པོ་བཅས་ཡོང་བར་འགན་ལེན་བྱེད་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་འགན་སྲུང་བྱེད་པ་གཙོ་གནད་དུ་བཟུང་སྟེ། ནུས་ཤུགས་ཡོད་རྒུས་ས་བོན་དང་ལྗང་མྱུག སྐྱེ་ལྡན་ལུད། སྐྱེ་དངོས་ཞིང་སྨན། ལྗང་མདོག་སྔོན་འགོག་ཚོད་འཛིན་ལག་རྩལ་སོགས་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་ཐད་འགན་སྲུང་ལེགས་པོ་བྱེད་པ་དང་། གནམ་གཤིས་ཀྱི་ཆ་རྐྱེན་དང་འདེབས་འཛུགས་ཀྱི་དུས་རིམ་ལྟར་དུས་ཐོག་ཏུ་ས་བོན་དང་ལུད། སྨན་རྫས། གཟན་ཆས་བཅས་བཀྲམ་པ་དང་། ཤར་རྒྱུད་ས་ཁུལ་དང་རྨ་ཆུའི་འགྲམ་རྒྱུད་ས་ཁུལ་ཁག་ཏུ་སྔོན་ལ་སྡེབ་སྐྱེལ་བྱེད་དགོས། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་སྐྱེལ་འདྲེན་གྱི་ཐོགས་མེད་བགྲོད་ལམ་སྲིད་ཇུས་དོན་འཁྱོལ་བྱས་ཏེ། སྐྱེལ་འདྲེན་རླངས་འཁོར་མགྱོགས་མྱུར་ཤར་གཏོང་ཐུབ་རྒྱུར་འགན་ལེན་བྱེད་པ་དང་། ཟོག་འགྲེམ་སྡེབ་སྐྱེལ་གྱི་ལས་ཆོད་ཆེ་རུ་བཏང་ནས། ཞིང་ལས་རྒྱུ་ཆ་དུས་ཐོག་ཏུ་ཞིང་ཁར་སྐྱེལ་ཐུབ་པར་འགན་ལེན་བྱེད་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།