ཝང་ཡུས་ཡན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་བྱས།
2020.02.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་སྔོན་བརྡ་དང་བཀོད་སྒྲིག་གཅིག་ཀྱང་མེད་པའི་སྒོ་ནས་མཚོ་ཤར་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་བྱས། 

ཝང་ཡུས་ཡན་གྱིས་བསྟན་དོན། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། ལས་དོན་ཁག་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས། དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། བརྟན་འཇགས་ངང་ཡར་རྒྱས་བརྩོན་ལེན་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ལས་ཀའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱེད་པ། ལག་ལེན་ཁྲོད་ཀྱི་བྱེད་ཐབས་བཟང་པོ་དང་བྱ་ཐབས་བཟང་པོ་རྒྱུན་འཁྱོངས་བྱེད་པ། ཐོབ་དཀའ་བའི་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་མངོན་མེད་རྐྱེན་ངན་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་ས་ཁུལ་དང་མི་སྣ་ཕྱིར་ལོག་སོགས་ཀྱི་ཉེན་ཁའི་གནས་ལ་དམ་པོར་དམིགས་ཏེ། དམིགས་སའི་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱེད་དགོས། མི་ཆོས་ཐུགས་ཁུར་རྒྱུན་འཁྱོངས་དང་། ལས་ཀའི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱས་ཏེ། རིམས་འགོག་བདེ་འཇགས་དང་། ལས་གནས་རེས་སྐོར་ངལ་གསོ། སེམས་ཁམས་གསོ་སྦྱོང་སོགས་གཅེས་སྐྱོང་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་དགོས། ལས་གནས་དང་པོའི་ལས་བྱེད་ཉེན་རྟོག་པ་དང་སྨན་བཅོས་མི་སྣ། ཏང་ཡོན་ལས་བྱེད་པ་བཅས་ཀྱི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས། ཕྱོགས་གཉིས་དམ་འཛིན་དང་གཉིས་ཀར་འཐུས་ཤོར་མི་འགྲོ་བ་རྒྱུན་འཁྱོངས་བྱས་ཏེ།། བརྟན་འཇགས་ཡིན་ལ་གོ་རིམ་ལྡན་པའི་སྒོ་ནས་དཔྱིད་རྨོ་ཞིང་འདེབས་བྱ་བར་སྒྲིག་འཛུགས་བྱེད་པ་དང་། རིམ་པ་དང་རིགས་དབྱེ་ནས་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོའི་བྱ་བར་བཀོད་སྒྲིག་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོའི་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱེད་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།