ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ཏོག་གསར་གློ་ཚད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།
2020.02.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏོག་གསར་གློ་ཚད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཀྲུང་དབྱང་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱི་མཐུན་སྦྱོར་བཀོད་སྒྲིག་ལྟར། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རིམས་ནད་འགོག་བཅོས་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཟེར།

ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱི་འབྲེལ་ཡོད་བྱ་བའི་ཚན་ཁག་གི་ཡར་ཞུ་ལ་ཉན། ཚོགས་ཐོག་ནས་བསྟན་དོན། ཝུའུ་ཧན་གྲོང་ཁྱེར་དང་ཧུའུ་པེ་ཞིང་ཆེན་གྱིས་མུ་མཐུད་དུ་ཞིབ་བཤེར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་ནད་ཁྲི་མཁོ་འདོན་རྒྱ་བསྐྱེད་དགོས། རྒྱལ་ཁབ་ཀྱིས་མྱུར་སྐྱོབ་དགོས་མཁོ་ལྟར་ཡང་བསྐྱར་སྨན་བཅོས་རུ་ཁག་མངགས་ཏེ་རིམས་ནད་འགོག་བཅོས་ཐད་ལ་རྒྱབ་སྐྱོར་བྱེད་པ་ཡིན། ཆེད་མཁས་པ་གཅིག་སྡུད་བྱས་ཏེ་ནད་པ་ལྗིད་མོ་མྱུར་སྐྱོབ་བྱེད་པར་ཤུགས་སྣོན་པ་དང་། ནད་ཐོག་ནུས་ལྡན་སྨན་བཅོས་ཇུས་གཞི་དང་སྨན་རྫས་བཀོལ་སྤྱོད་དང་ཁྱབ་གདལ་དུ་བཏང་ནས།  ནད་པ་དྲག་ཚད་མཐོར་འདེགས་སུ་གཏོང་དགོས་པར་མ་ཟད། སྨན་བཅོས་མི་སྣའི་འགོག་སྲུང་དང་འཚོ་བའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས། ཝུའུ་ཧན་དང་ཧུའུ་པེ་ཞིང་ཆེན་གྱི་འགོག་བཅོས་སྨན་རྫས་དང་ནད་པ་ལྗིད་མོ་མྱུར་སྐྱོབ་བྱེད་པའི་སྒྲིག་ཆས་ལ་འགན་སྲུང་བཟང་བོ་བྱེད་དགོས་ཟེར།

འགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཏེན་ཞེའོ་ཞང་དང་ཧོང་ཁུན་མེན། ཚའེ་ཆི། ཝང་དབྱི། ཞོ་ཅེ། ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས།