ཝང་ཡུས་ཡན་གྱིས་གྲོང་ཁྱེར་དང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་གི་བྱ་བ་ཡར་ཞུ་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཇུས་འགོད་ཚོགས་འདུའི་སྟེང་རྩ་འཛུགས་བྱ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་ཟམ་མི་ཆད་པར་ཇེ་མཐོར་གཏོང་དགོས་པ་ནན་བཤད་བྱས།
2020.02.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ2པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གྲོང་ཁྱེར་དང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་གི་བྱ་བ་ཡར་ཞུ་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཇུས་འགོད་ཚོགས་འདུའི་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཝང་ཡུས་ཡན་གྱིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་འདུའི་སྟེང་གྲོང་ཁྱེར་དང་ཁུལ་སོ་སོའི་རྩ་འཛུགས་པུའུ་ཀྲང་ཚོས་ན་ནིང་གི་བྱ་བའི་ཐད་ཀྱི་ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱས་པ་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་དོན་ཚོགས་འདུའི་ཁོངས་མིས་ད་ལོའི་བྱ་བའི་ཇུས་འགོད་ཐད་ནས་གཏམ་བཤད་སྤེལ། ཝང་ཡུས་ཡན་གྱིས་ས་གནས་ཁག་གི་རྩ་འཛུགས་བྱ་བར་རེ་རེ་བཞིན་དཔྱད་བརྗོད་བྱས་ཤིང་། ཁོ་མོས་འདས་ཟིན་པའི་ལོ་གཅིག་གི་ནང་དུ་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱིས་སྤྱི་ཡོངས་ལ་དམིགས་པ་དང་བརྟན་ཐོག་ཡར་འཕེལ་གྱིས་དོན་འཁྱོལ་དམ་འཛིན་ནན་མོ་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཟེར། ཁོ་མོས་ནན་གྱིས་བསྟན་དོན། ད་ལོར་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་གཏིང་ཟབ་བྱེད་པ་དང་། འགན་འཁྲི་ནན་སྒྲུབ་དང་འགན་འཁྲི་གཙང་སྒྲུབ་བྱས་ཏེ་རྩ་འཛུགས་ལས་དོན་གྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་ལ།  ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བའི་ཁྲོད་ཡང་དག་པའི་ཁ་ཕྱོགས་དམ་འཛིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”ལེགས་པོར་བསྒྲུབ་པ་བཅས་བྱེད་དགོས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་གཙོ་གནད་ལས་འགན་དོན་འཁྱོལ་བྱས་ཏེ་གནད་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་དང་སྤྱི་འདོམས་ལ་སྐུལ་འདེད་བཏང་ནས་བྱ་བའི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། རང་ངོས་གསར་བརྗེའི་ཁྲོད་ཉེན་ཁ་དང་དཀའ་གནད་སེལ་ཕོད་པར་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་རྩ་འཛུགས་ལས་དོན་གྱི་ཕན་འབྲས་ཇེ་ཆེར་གཏོང་དགོས། ཚུལ་ལྡན་གསར་སྐྲུན་ཁྲོད་ནས་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བའི་མཁས་འདེམས་འཇོན་བསྐོ་ལམ་ལུགས་དང་། ཚན་རིག་དང་མཐུན་ལ་ཚགས་དམ་པའི་རྩ་འཛུགས་ལམ་ལུགས། ཚན་རིག་དང་མཐུན་ལ་ཕན་ནུས་ལྡན་པའི་ཤེས་ལྡན་མི་སྣའི་ལམ་ལུགས་བཅས་འཐུས་ཚང་དང་དོན་འཁྱོལ་བྱས་ཏེ། ལམ་ལུགས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འདོན་སྤེལ་བྱེད་དགོས། ལག་ལེན་དངོས་དང་དངོས་ཕན་ཐོབ་པའི་ཁྲོད་དཔེ་སྟོན་སྡེ་ཁག་འཛུགས་སྐྲུན་བྱས་ཏེ་ཆབ་སྲིད་འཛུགས་སྐྲུན་དང་ནུས་པ་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན། སྲིད་གཙང་འཛུགས་སྐྲུན་བཅས་ལ་དོ་སྣང་ཆེན་པོ་བྱས་ནས་རྩ་འཛུགས་སྡེ་ཁག་གིསྣང་བརྙན་བཟང་བོར་སྲུང་སྐྱོབ་བྱེད་དགོས་ཟེར།