མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ཚོང་ལས་ཀྱི་ལས་འགོ་བསྐྱར་རྩོམ་དང་ལས་གཞི་གལ་ཆེན་གྱི་ལས་འགོ་བསྐྱར་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས།
2020.02.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 67

ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་འགོ་འཛིན་བྱས་ཏེ། ཞིང་ཆེན་ཁེ་ལས་ཚོང་ལས་ཀྱི་ལས་འགོ་བསྐྱར་རྩོམ་དང་ལས་གཞི་གལ་ཆེན་གྱི་ལས་འགོ་བསྐྱར་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་གཞིར་བཟུང་ནས། བསམ་ཇུས་གཅིག་གི་བསམ་བློ་བརྟན་པོར་འཛུགས་པ་དང་། དམིགས་བསལ་ལས་དོན་ལ་གནད་འཁེལ་ཇུས་འདོན་བྱེད་པ། ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་པ། ཁེ་ལས་དང་ཚོང་ལས་ཀྱིས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་བྱེད་རྒྱུར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོའི་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ་བཅས་ལ་འབད་དགོས་ཟེར།

ལིས་ཅེ་ཞང་གིས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ཡོངས་འགྲུབ་བྱེད་པ་ཕྱོགས་གཉིས་ནས་རྒྱལ་ཁ་ལེན་པ་ནི། ཞིང་ཆེན་ཡོངས་ཀྱི་མིག་མདུན་དུ་ལྷགས་པའི་ལས་འགན་གལ་ཆེན་ཞིག་ཡིན། གཙོ་གནད་འབུར་ཐོན་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ། རིགས་དབྱེ་མཛུབ་སྟོན་བྱེད་པ། ཁུལ་བགོས་ཇུས་བསྟར་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྲིད་ཇུས་དང་བྱེད་ཐབས་གནད་ལ་འཁེལ་བར་གཏན་འབེབས་བྱེད་པ་དང་། དཀའ་ངལ་རེ་རེ་བཞིན་ཐག་གཅོད་བྱེད་དགོས། ཁེ་ལས་ཚོང་ལས་དང་ལས་གཞི་གལ་ཆེན་དག་གིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་སྒྲིག་འཛུགས་བྱེད་དགོས། ཆེད་དམིགས་རོགས་སྐྱོར་ལམ་སྲོལ་འཛུགས་པ་དང་། ཆེད་དམིགས་ལས་རེས་འཛུགས་པ། ཁེ་ལས་རེར་ཐབས་ཇུས་རེ་འདོན་པ། ལས་དོན་རེར་གྲོས་གཞི་རེ་འདོན་པ་བཅས་བྱས་ཏེ། ཁེ་ལས་ཀྱི་དོན་དག་རང་ཉིད་ཀྱི་དོན་དག་ཏུ་བརྩིས་ནས་ལེགས་པར་བསྒྲུབ་དགོས། བྱེད་ཐབས་ནུས་ལྡན་སྤྱད་དེ་འཐེན་ཐུག་ཚོང་གཉེར་ ཁྱིམ་ཚང་གི་ལས་ཀ་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་གླ་གཏོང་རླངས་འཁོར་གཉེར་སྐྱོང་ཁྱིམ་ཚང་གི་ཁུར་པོ་ཇེ་ཡང་དུ་ལུགས་མཐུན་གཏོང་བ་དང་འགོག་སྲུང་བྱེད་ཐབས་དོན་འཁྱོལ་བྱས་ནས། ནད་ཡམས་སྔོན་འགོག་ཚོད་འཛིན་དང་མང་ཚོགས་ཕྱིར་སྐྱོད་ཀྱི་དགོས་མཁོར་འགན་ལེན་ཏན་ཏིག་བྱེད་དགོས། གང་གསུང་དེ་སྒྲུབ་དང་སྔར་ལས་ལས་ཆོད་ཆེ་བའི་འཁོར་སྐྱོད། སྔར་ལས་ནུས་ལྡན་གྱི་ལག་བསྟར་བྱེད་ཐབས་བཅས་སྤྱད་དེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁེ་ལས་ཚོང་ལས་ཀྱི་ལས་འགོ་བསྐྱར་རྩོམ་དང་ལས་གཞི་གལ་ཆེན་གྱི་ལས་འགོ་བསྐྱར་འཛུགས་དང་འབྲེལ་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཞིབ་ཚགས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།