མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་ཆེད་མཁས་པའི་བློ་འདྲི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།
2020.02.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ལིག་ཉིང་གིས་འགོ་མཛིན་བྱས་ནས་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་ཆེད་མཁས་པའི་བློ་འདྲི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྔོན་འགོག་ཚོད་འཛིན་ས་ཁུལ་གཙོ་བོའི་ཉེན་ཁ་དཔྱད་འཇོག་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཆེད་མཁས་པའི་བསམ་འཆར་ལ་ཉན་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་གློ་བུར་བྱུང་བའི་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་ཆེན་པོའི་དང་ལེན་རིམ་པ་ལེགས་སྒྲིག་བྱེད་པའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཅིག་གྱུར་སྒོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་བཀོད་སྒྲིག་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། མུ་མཐུད་དུ་སྔོན་འགོག་ཚོད་འཛིན་བྱ་བར་དམ་འཛིན་ལྷོད་མེད་བྱས་ཏེ། རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། མིག་སྔར་རྒྱལ་ཡོངས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་རྒྱུན་མཐུད་ངང་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ནད་རྟགས་ཐག་བཅད་པའི་ནད་པ་དང་ཏོག་གསར་གློ་ཚད་ལ་འབྲེལ་འདྲིས་དམ་ཟབ་བྱེད་མཁན། གློ་ཚད་བྱུང་བའི་ས་ཆ་བཅས་གཅིག་ཀྱང་མེད་པར་བྱེད་པ་མངོན་འགྱུར་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་རྒྱལ་ཁ་བླངས། རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གཏན་ཁེལ་དང་རང་ཞིང་གི་རིམས་ནད་འཕེལ་རྒྱས་ཀྱི་གནས་བབ་ལྟར། ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་གཅོད་པ་དང་རིམས་ནད་ཀྱི་ཉེན་ཁར་ཁྱོན་ཡོངས་ནད་དཔྱད་འཇོག་བྱེད་པའི་རྨང་གཞིའི་སྟེང་། འགྱུར་ལྡོག་ལ་ངོས་འཛིན་ཡང་དག་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། རང་འགུལ་གྱིས་བཅོས་བསྒྱུར་བྱས་ཏེ། ཁྲིམས་ལྟར་ཁུལ་བགོས་ནས་སྔོན་འགོག་ཚོད་འཛིན་བྱེད་པའི་ཁྱབ་ཁོངས་དང་གློ་བུར་བྱུང་བའི་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་གྱི་དང་ལེན་རིམ་པར་ལེགས་སྒྲིག་བྱེད་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། རིམས་ནད་ལ་ནམ་ཡང་དོ་སྣང་ཆེན་པོ་བྱེད་པ་དང་། མུ་མཐུད་དུ་ཕྱིའི་ནད་པ་མཚོ་སྔོན་དུ་ཡོང་བ་དང་ཞིང་ཆེན་ནང་ཁུལ་ནས་རིམས་ནད་རྒྱ་མཆེད་པར་བཀག་འགོག་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ། ལྷག་པར་དུ་ཞིང་ཆེན་ཕྱིའི་ནད་པ་མཚོ་སྔོན་དུ་ཡོང་བར་བཀག་འགོག་བྱེད་རྒྱུ་དེ་མིག་སྔའི་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་འགན་གཙོ་བོར་བརྩི་བ་དང་། ལས་ཁུངས་དང་མི་ཚོགས་གཙོ་བོར་དམིགས་པ། རྒྱུན་མཐུད་ངང་རིམས་ནད་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་བསྣན་ནས། ཚ་རྒྱས་སྒོ་བསྟེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ནང་འདྲེན་རང་བཞིན་གྱི་ཉེན་ཁ་བཀག་འགོག་བྱེད་དགོས། ཁོངས་གཏོགས་ས་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་པ་དང་ཁུལ་དང་རིམ་པ་བགོས་ནས་སྔོན་འགོག་ཚོད་འཛིན་བྱེད་པ། ཁེ་ལས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་པར་མཛུབ་སྟོན་བྱེད་པ། ཁེ་ལས་ཀྱི་ལས་འགོ་བསྐྱར་རྩོམ་དང་ཐོན་སྐྱེད་སླར་གསོ་བྱེད་པ་དང་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་མྱུར་དུ་སླར་གསོ་བྱས་ཏེ། མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བར་འགན་སྲུང་བྱེད་དགོས། མུ་མཐུད་དུ་ཁ་ཐུམ་སོགས་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་འགན་སྲུང་ལ་ཤུགས་བསྣན་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་རྩོམ་པ་དང་སློབ་འགོ་ཚུགས་པའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཆེད་དུ་རིམས་ནད་འགོག་བཅོས་སྲོག་སྐྱོབ་སྨན་ཁང་གི་དོ་དམ་ལ་ཤུགས་སྣོན་པ་དང་། ནད་པར་སྨན་བཅོས་བྱེད་པའི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱེད་པའི་ཞོར་དུ། རྒྱ་ཆེའི་ནད་པའི་རྒྱུན་ལྡན་གྱི་སྨན་བཅོས་ཞབས་ཞུ་དགོས་མཁོ་ལ་འགན་སྲུང་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡུ་བཀོད་འདོམས་པུའུ་ཀྲང་ཁོང་ཡུང་གཉིས་ཀྱི་གྲོས་ཚོགས་ལ་ཞུགས། བཀོད་འདོམས་པུའུ་ཡི་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པ་དགུ་ཡིས་ཆེད་ལས་བློ་འདྲི་བསམ་འཆར་བཏོན། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་ཁུལ་བཅས་ཀྱི་སྲིད་གཞུང་གི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད།