མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་བསྡུས།
2020.02.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་ཤིང་། གྲོས་ཚོགས་མ་བསྡུས་པའི་སྔོན་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་རྩ་འཛུགས་བྱ་བར་བླང་བྱ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡུན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་རིང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བས་འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་ནས། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ཁྲོད་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། ལས་བྱེད་པ་སྦྱོང་བརྡར་བྱེད་པའི་ཁྲོད་སྲིད་སྐྱོང་ནུས་པ་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣ་འགུག་པའི་ཁྲོད་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ། ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་པས། ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་ལས་དོན་ལ་ཁས་ལེན་དང་བློ་ཡིད་ཚིམ་པོ་བྱུང་ཡོད་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལས་འགན་ལ་དམིགས་ནས་རྩ་འཛུགས་ལས་དོན་ལ་སྐུལ་འདེད་བཏང་སྟེ། འདུ་ཤེས་བཞི་སྔར་ལས་ཇེ་ཆེ་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས་པ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་རྒྱ་ཆེར་གཏོང་རྒྱུར་དམིགས་ནས། རྩ་འཛུགས་བྱ་བར་སྐུལ་འདེད་བཏང་སྟེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་རྒྱུ་དེ་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རྒྱུན་ལྡན་གྱི་ཞིབ་འཇུག་བྱ་གཞི་ཞིག་དང་། ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་ཞིབ་འཇུག་བྱ་གཞི་ལ་བརྩིས་ནས། དམ་འཛིན་ལྷོད་མེད་བྱེད་པ་དང་། ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་གསོ་སྐྱོང་དང་སྐྱེད་སྲིང་བྱ་རྒྱུར་དམིགས་ནས། རྩ་འཛུགས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། ན་གཞོན་ལས་བྱེད་པ་དང་བུད་མེད་ལས་བྱེད་པ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ། ཏང་ཕྱིའི་ལས་བྱེད་པ་བཅས་གསོ་སྐྱོང་དང་གདམ་གསེས་བཀོལ་སྤྱོད། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་བཅས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་ལེགས་པར་བསྒྲུབ་དགོས། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལེགས་ཆར་དམིགས་ནས། རྩ་འཛུགས་བྱ་བར་སྐུལ་འདེད་བཏང་སྟེ་ཏང་གི་དར་ཆ་མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་ནས་ལྷབ་ལྷུབ་ཏུ་གཡོ་བར་བྱེད་པ་དང་། ཤེས་ལྡན་མི་སྣའི་ལམ་ལུགས་དང་སྲིད་ཇུས་གསར་གཏོད་ཇེ་མགྱོགས་སུ་གཏོང་རྒྱུར་དམིགས་ནས་རྩ་འཛུགས་ལས་དོན་ལ་སྐུལ་འདེད་བཏང་སྟེ་ཕྱོགས་སོ་སོའི་ཕུལ་བྱུང་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། བེད་སྤྱོད། ནང་འདྲེན་བཅས་བྱས་ནས་མཚོ་སྔོན་གསར་པ་མཉམ་སྐྲུན་བྱེད་དགོས་པ། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ལས་ཁུངས་འཛུགས་སྐྲུན་བྱ་རྒྱུར་དམིགས་ནས་རྩ་འཛུགས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་ལ་དང་དོད་བྱེད་པ། དྲང་བདེན་ལ་གཙིགས་འཛིན་བྱེད་པ། ལས་སྒོ་བྱང་ཆུབ་པར་བྱེད་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་དཔེ་སྟོན་སྡེ་ཁག་འཛུགས་སྐྲུན་ཧུར་ཐག་བྱ་དགོས་ཟེར།

ཝང་ཡུས་ཡན་གྱིས་བསྟན་དོན། ད་ལོའི་རྩ་འཛུགས་ལས་དོན་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོན་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་ཀྱིས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་ལམ་ལུགས་འཛུགས་པ་དང་དོན་འཁྱོལ་བྱས་ཏེ།  བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་དགོས། ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་། འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་བྱ་རྒྱུར་མངོན་གསལ་དོད་པོས་དམ་འཛིན་བྱེད་པ། མཁས་འདེམས་ཤེས་འཇོན་མི་སྣ་བསྐོ་བའི་ལམ་ལུགས་མ་ལག་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ན་གཞོན་ཕུལ་བྱུང་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་བྱེད་པ། ལས་བྱེད་པས་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པར་རྒྱུན་མཐུད་སྐུལ་ལྕག་བཅས་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། སྣེ་ཁྲིད་པའི་དཔུང་སྡེའི་སྟོབས་ཤུགས་ཆེ་རུ་གཏོང་བ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྟོབས་ཇེ་ཆེར་གཏོང་བ། ཏང་འཛུགས་སྐྲུན་གྱིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་གཅིག་གྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཤེས་ལྡན་མི་སྣའི་ལས་དོན་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བྱེད་སྒོ་གལ་ཆེན་ལ་གྲ་སྒྲིག་ཞིབ་ཚགས་བྱེད་པ། ལས་གཞི་གལ་ཆེན་བསྡུ་སྒྲིག་དང་ཇེ་ལེགས་སུ་གཏོང་བ། སྲིད་ཇུས་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཤེས་ལྡན་མི་སྣའི་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། རྩ་འཛུགས་སྡེ་ཁག་རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་དང་ལམ་ལུགས། ནུས་པ། སྤྱོད་ཚུལ། སྲིད་དོན་གཙང་སྐྱོང་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རྩ་འཛུགས་ཀྱི་འགན་ལེན་སྟོབས་ལྡན་དང་ལྡན་པ་ཞིག་འདོན་སྤྲོད་བྱ་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།