ཁོང་ཡུང་གིས་ཞིང་ཆེན་རིམ་པའི་སྨན་བཅོས་སྲོག་སྐྱོབ་ཆེད་མཁས་པར་འཚམས་འདྲི་བྱས།
2020.02.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཁོང་ཡུང་ཞིང་ཆེན་མི་དམངས་སྨན་ཁང་དུ་སོང་ནས་ཞིང་ཆེན་རིམ་པའི་སྨན་བཅོས་སྲོག་སྐྱོབ་ཆེད་མཁས་པར་འཚམས་འདྲི་བྱས་པ་མ་ཟད། འབྲེལ་ཡོད་ཆེད་མཁས་པ་དང་བཞུགས་མོལ་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ཀྱི་གྲོས་གཞི་ལ་ཉན།

ཁོང་ཡུང་ཐོག་མར་ཞིང་ཆེན་མི་དམངས་སྨན་ཁང་གི་གསོ་སྦྱོང་རྟེན་གཞི་རུ་སོང་ནས། སྨན་བཅོས་མི་སྣའི་འགོག་སྲུང་གསོ་སྦྱོང་གནས་ཚུལ་ཐད་ནས་རྟོག་ཞིབ་བྱས། ཁོས་བསྟན་དོན། རིམས་ནད་བྱུང་རྗེས། རྒྱ་ཆེའི་སྨན་བཅོས་མི་སྣ་རིམས་ནད་འགོག་རྒོལ་བྱེད་པའི་ཡུལ་དངོས་སུ་སོང་ནས། ཉམས་སད་ཆེན་པོ་ཐེག་ཐུབ་པར་བྱས་པ་དང་། འགུལ་སྐྱོད་དངོས་ལ་བརྟེན་ནས་སྨན་པའི་བྱམས་སེམས་ཀྱི་ལས་རིགས་སྙིང་སྟོབས་ལག་བསྟར་བྱས། ལྷག་པར་དུ་ཁྱབ་ཁོངས་སོ་སོའི་སྨན་བཅོས་ཆེད་མཁས་པས་ནད་པ་ལྕི་མོར་ནད་བཅོས་བྱེད་པ་དང་རིམས་ནད་ལ་དབྱེ་ཞིབ་བྱེད་པ་སོགས་ཀྱི་ཐད་ནས་གནད་འགག་གི་ནུས་པ་འདོན་སྤེལ་བྱས་པ་དང་། ཁོ་ཚོ་ནི་རིགས་སོ་སོའི་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་གི་སྲུང་སྐྱོབ་པ་དང་། ཞིང་ཆེན་མི་དམངས་ཀྱི་ཆེས་རྩ་ཆེ་བའི་རྒྱུ་ནོར་ཡིན་ཟེར།  ཁོང་ཡུང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཆེད་མཁས་པ་དང་རྒྱ་ཆེའི་སྨན་བཅོས་མི་སྣར་བཀའ་དྲིན་དང་དད་གུས་ཞུས།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། སྨན་ཁང་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཡུལ་ས་གཙོ་བོ་ཡིན་པ་དང་། སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ཧ་ཅང་ལྕི་བས། རྒྱུན་ལྡན་གྱི་སྨན་བཅོས་ལས་རིམ་སླར་གསོ་བྱེད་པའི་ཞོར་དུ། སྨན་བཅོས་མི་སྣའི་རང་ཉིད་འགོག་སྲུང་བཟང་བོར་བསྒྲུབ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་ལག་བསྟར་ནན་མོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་སྨན་བཅོས་མི་སྣར་ཐུགས་ཁུར་བྱེད་དགོས་པའི་རེ་བ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་གིས་སྲིད་ཇུས་འཐུས་ཚང་དུ་གཏོང་བ། སེམས་ཤུགས་ཡོད་རྒུས་ཞབས་ཞུ་བཟང་བོར་བསྒྲུབ་ནས། སྨན་བཅོས་མི་སྣའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་ཐག་གཅོད་དགོས། དུས་ཐོག་ཏུ་ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་། བྱ་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྲོག་སྐྱོབ་ཀྱི་ཚན་རིག་རང་བཞིན་དང་གནད་ཕིགས་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་ཟེར།

དེའི་རྗེས། ཁོང་ཡུང་ཟི་ལིང་གྲོང་ཁྱེར་མེ་འཁོར་ས་ཚིགས་དང་ཟི་ལིང་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས་ས་ཚིགས་སུ་སོང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་ལམ་སླར་གསོ་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

རིན་ཆེན་མཚོས་བསྒྱུར།