དབྱང་ཧྥུན་ཁྲུན་གྱིས་ལུས་རྩལ་ལས་ཁུངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཡང་བསྐྱར་ལས་འགོ་རྩོམ་པའི་བྱ་བར་རྟོག་ཞིབ་བྱས།
2020.02.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་མཚོ་སྔོན་ལུས་རྩལ་འགྲན་བསྡུར་བྱ་བའི་ཚད་ཡོད་ཀུང་ཟི་དང་ཞིང་ཆེན་ལུས་རྩལ་རྒྱན་ཤོག་འགྲེམ་སྤེལ་ལྟེ་གནས། སྟོད་པ་རྟེན་གཞི་གངས་ཤུད་ར་བ་དང་ཞིང་ཆེན་ལུས་རྩལ་སློབ་གྲྭ་བཅས་སུ་སོང་ནས། ལུས་རྩལ་ལས་ཁུངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཡང་བསྐྱར་ལས་འགོ་རྩོམ་པའི་གནས་ཚུལ་ཐད་ནས་རྟོག་ཞིབ་བྱས།

རྟོག་ཞིབ་བྱེད་སྐབས། དབྱང་ཧྥུན་ཁྲུན་གྱིས་ཡུལ་དངོས་ནས་ལས་ཁུངས་སོ་སོའི་རིམས་ནད་སྔོན་འགོག་ཚོད་འཛིན་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། སྐབས་བཅུ་དགུ་པའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་གྲ་སྒྲིག་བྱ་བ་དང་འགྲན་དོན་ཚོང་ར་ཅན་དུ་བསྒྱུར་བའི་བཅོས་བསྒྱུར། སྟོད་པ་གངས་ཤུད་ར་བའི་ལས་གཞི་ཡང་བསྐྱར་འགོ་རྩོམ་པའི་གྲ་སྒྲིག ཞིང་ཆེན་ལུས་རྩལ་སློབ་གྲྭའི་ཕྱོགས་བསྡུས་སློབ་ཁྲིད་ཐོག་བརྩེགས་ལས་གཞི་འཛུགས་སྐྲུན་སོགས་ལ་རྒྱུས་ལོན་གསལ་བོ་བྱས་ལ། ཐེངས་འདིའི་རིམས་ནད་ཀྱིས་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་དང་ལུས་རྩལ་རྒྱན་ཤོག་ཉོ་ཚོང་སོགས་ཀྱི་ཐད་བཟོས་པའི་གནོད་པར་དབྱེ་ཞིབ་བྱས་པར་མ་ཟད། སྦྱོང་བརྡར་ལུས་རྩལ་རུ་མིའི་སྦྱོར་བརྡར་གནས་ཚུལ་ལ་བལྟས། ཁོས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་སྲ་བརྟན་དུ་གཏོང་བ། སྔོན་འགོག་ཚོད་འཛིན་ཀྱི་བསམ་བློ་མི་ལྷོད་པ་དང་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བའི་ཞོར་དུ། འབད་འཐད་བྱེད་པ་དང་གོ་སྐབས་དམ་འཛིན་བྱེད་པ། ཉེན་ཁ་གོ་སྐབས་སུ་བསྒྱུར་ནས། ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་སྒོ་ནས་ཡང་བསྐྱར་ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

དབྱང་ཧྥུན་ཁྲུན་གྱིས་བསྟན་དོན། ཚན་རིག་དང་མཐུན་པའི་སྒོ་ནས་གནས་བབ་ལ་དབྱེ་ཞིབ་བྱེད་པ་དང་། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་གསར་གཏོད་གསར་འབྱེད་བྱེད་པ། གཙོ་གནད་ལ་དོ་སྣང་བྱས་ཏེ། ཧུར་ཐག་གིས་ལུས་རྩལ་ལས་རིགས་རིམས་ནད་ཀྱི་སྤྲིན་སྨུག་ལས་བགྲོལ་བ་དང་། སྙིང་སྟོབས་ཆེན་པོས་ཐེངས་འདིའི་རྒྱུགས་ལེན་ཁྲོད་རྒྱུགས་ལན་བཟང་བོ་སྤྲོད་དགོས། མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་དེ་འཛམ་གླིང་ལས་རིགས་མ་ལག་གི་འགྲན་བསྡུར་གྱི་འགོ་ཚུགས་ས་གསར་བ་རུ་མཐོར་འདེགས་གཏོང་བ་དང་། ཚོང་ར་ཅན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། རིག་གནས་གནས་སྐོར་བར་གྱི་མཉམ་འདྲེས་ལ་ཤུགས་སྣོན་པ། འགྲན་དོན་སྤུས་ཚད་དང་ཚོང་རྟགས་མིང་གྲགས་ཅན་གྱི་ཤུགས་རྐྱེན་མཐོར་འདེགས་བཏང་སྟེ། རྣམ་པ་གསར་བ་གྲུབ་པར་བྱེད་དགོས། ལུས་རྩལ་རྒྱན་ཤོག་ཚོང་རའི་སྦས་ཤུགས་སྔོག་འདོན་བྱེད་པ་དང་། འགྱུར་ལྡོག་ལ་ཁ་གཏད་འཇལ་བ། གྲུས་ཚུལ་ལེགས་བསྒྱུར་བྱེད་པ། གོ་སྐབས་དམ་འཛིན་བྱས་ནས། ལམ་བུ་གསར་བ་བཏོད་དགོས། འཆར་འགོད་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། རྒྱབ་སྐྱོར་བརྩོན་ལེན་བྱེད་པ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ། སྟོབས་ཤུགས་ཡོད་རྒུས་ལུས་རྩལ་ལས་གཞི་དུས་ལྟར་ཡང་བསྐྱར་ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་བོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།