མཚོ་སྔོན་ཞིང་ཆེན་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་མཛུབ་སྟོན་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཐེངས་བཅུ་བ་སྤེལ།
2020.02.27 ཁུངས། ཀློག་གྲངས། 99

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐལ་བཟང་རྣམ་རྒྱལ་གྱིས་བཀོད་པའི་གསར་འགྱུར།

ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་མཛུབ་སྟོན་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཐེངས་བཅུ་བ་སྤེལ། ཚོགས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་མཛུབ་སྟོན་པུའུ་ཡི་དྲིལ་སྒྲོག་རུ་ཁག་གི་འགོ་བ་ཝང་ཀྲི་མེན་གྱིས་འགོ་འཛིན་བྱས།

སྒྲོག་སྤེལ་ཚོགས་འདུའི་སྟེང་དུ། ཧྲིན་ཀྲང་གཞོན་པ་དང་། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་མཛུབ་སྟོན་པུའུ་ཡི་མཛུབ་སྟོན་འགོ་དཔོན་གཞོན་པ་ཁུང་ཡུང་གིས་མཚོ་སྔོན་ཞིང་ཆེན་རིམས་ནད་ཚོད་འཛིན་ཁུལ་བགོས་རིམ་དགར་དང་།གློ་བུར་དུ་བྱུང་བའི་སྤྱི་བའི་འཕྲོད་བསྟེན་བྱ་བའི་འཕྲལ་སྒྲུབ་ཚུར་སྣང་གལ་ཆེན་གྱི་སྙོམ་སྒྲིག་གནས་ཚུལ་ཡར་ཞུ་བྱས་པ་མ་ཟད། ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཉིས་གཅིག་གྱུར་སྐུལ་འདེད་གཏོང་དགོས་པའི་བྱ་བའི་གནས་ཚུལ་ཡར་ཞུ་བྱས།

ཁུང་ཡུང་གིས་བཤད་རྒྱུར། དུས་རིམ་རྗེས་མར། ང་ཚོས་ཐོག་མཐའ་བར་གསུམ་ཀུན་ཏུ་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་དེ་མིག་སྔའི་བྱ་བ་གལ་ཆེན་གྱི་སར་བཞག་ནས་དམ་འཛིན་བྱེད་དགོས་ལ། རིམས་འགོག་ཚོད་འཛིན་གྱི་གནས་བབ་དེ་འཕེལ་རྒྱས་ཀྱི་འགྱུརལྡོག་དང་འཚམ་བསྟུན་ཡོང་བར་བྱས་ནས། གཙོ་གནད་འབུར་ཐོན་དང་། གཅིག་གྱུར་གྱིས་དོ་སྣང་བྱེད་པ། རིགས་དབྱེ་མཛུབ་སྟོན། མུ་མཐུད་དུ་མི་ཚོགས་འདུ་ས་དང་ཚོགས་ར་གཙོ་བོའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་དགོས།འགོག་བཅོས་བྱ་བའི་ལས་སྣ་རེ་རེ་ཞིབ་ཚགས་ཀྱིས་ལག་བསྟར་དམ་འཛིན་བྱེད་དགོས་ལ། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཉིས་གཅིག་གྱུར་སྒོས་དམ་འཛིན་བྱེད་དགོས། ལྷོད་གཡེང་དང་སྒྱིད་ལུག་གི་བསམ་བློ་མེད་པར་བཟོས་ནས། རིམས་འགོག་གྲུབ་འབྲས་སྔར་ལས་རྒྱ་སྐྱེད་སྒོས་བརྟན་ཆགས་སུ་གཏོང་དགོས། དཔལ་འབྱོར་སྤྱི་ཚོགས་ཀྱི་གོ་རིམ་མྱུར་དུ་སླར་གསོ་བྱས་ནས། བློ་བརྟན་འགྱུར་མེད་སྒོས་མཁྲེགས་གཏོར་ཆེན་པོ་གསུམ་ལས་རྣམ་པར་རྒྱལ་ནས། བྱེད་ཐབས་སྣ་མང་མཉམ་དུ་ལག་བསྟར་བྱས་ནས་ཕན་ཡོད་ཀྱི་གྲུབ་འབྲས་ཐོབ་པར་བྱེད་དགོས་ལ།དམངས་ཚིས་ཀྱི་འགན་སྲུང་ཤུགས་ཚད་ལ་སྔར་ལས་ཤུགས་སྣོན་དགོས་ཟེར།

ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་གཞོན་པ་ཝང་ཆང་གིས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་ཞིབ་བཤེར་ས་ཚིགས་མེད་པར་བཟོས་ནས་གཞུང་ལམ་ཤར་གཏོང་བྱས་ཡོད་པའི་གནས་ཚུལ་ཐད་བཤད་རྒྱུར།ཏོག་གསར་གློ་ཚད་རིམས་ནད་བྱུང་རྗེས།  ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་མྱུར་དུ་བརྡ་ལན་རིམ་པ་དང་པོ་སྤེལ་ཏེ།འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་འཕྲོད་བསྟེན་བདེ་ཐང་པུའུ་སོགས་ལ་འབྲེལ་གཏུག་བྱས་ནས། མྱུར་བགྲོད་གཞུང་ལམ་དང་།རྒྱལ་ལམ་དང་ཞིང་ཆེན་གྱི་ལམ། རྫོང་དང་ཞང་གི་རྒྱ་ལམ། ཞིང་ཆེན་དང་ཞིང་ཆེན་བར་གྱི་གཞུང་ལམ་དང་། གྲོང་ཁྱེར་དང་གྲོང་ཁྱེར་བར་གྱི་གཞུང་ལམ། རྫོང་དང་རྫོང་བར་གྱི་གཞུང་ལམ་བཅས་ལ་རིམས་འགོག་ཞིབ་བཤེར་ས་ཚིགས་བརྒྱ་དང་གྱ་གཅིག་བཙུགས་ནས། རང་ཞིང་གི་རླངས་འཁོར་དག་གིས་ཞིབ་བཤེར་ས་ཚུགས་ནས་ཐོ་འགོད་བྱས་ཤིང་། ལྟེ་གནས་ས་ཁུལ་གྱི་རླངས་འཁོར་ཡིན་ཚེ་ཕྱིར་ལྡོག་པའི་རེ་བ་བཏོན་པ་དང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་དོགས་ཡོད་ནད་པ་ཡིན་ཚེ་ལོགས་སུ་བཀར་ནས་ཞིབ་བཤེར་བྱས་པ་རེད། སྤྱི་ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན་གྱི་ཞོགས་པ་ནས་བཟུང་། ཟི་ལིང་དང་མཚོ་ཤར། མཚོ་བྱང་གསུམ་དང་། ཞིང་ཆེན་འབྲེལ་མཚམས་ཀྱི་ཞིབ་བཤེར་ས་ཚིགས་བཅུ་དྲུག་ཕུད་གཞན་ཞིང་ཆེན་ནང་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་གཙོ་བོ་ཁག་གི་ཞིབ་བཤེར་ས་ཚིགས་མེད་པར་བཟོས་ནས། ལས་ཀ་དང་ཐོན་སྐྱེད་སླར་གསོའི་ཕྱོགས་སུ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཡོད་ལ། འཕྲལ་དོན་སྐྱེལ་འདྲེན་དང་རྨོ་འདེབས་འཕྲུལ་ཆས་རིགས་ཀྱི་རླངས་འཁོར་ཤར་རྒྱུག་བྱེད་ཐུབ་པ་བྱུང་ཡོད། ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན། ཞིང་ཆེན་སྤྱི་བདེ་ཐིན་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་དང་ལས་ཀ་བསྐྱར་གསོའི་འགྲིམ་འགྲུལ་གཞུང་ལམ་འགན་སྲུང་བྱ་བའི་སྐོར་གྱི་བརྡ་ཐོ་དཔར་ནས་བཀྲམ་སྟེ། འགྲིམ་གའྲུལ་གཞུང་ལམ་འཁོར་རྒྱུག་གི་བྱ་བའི་བཀོད་སྒྲིག་བྱས། ནུས་ཤུགས་ཡོད་རྒུས་དངོས་ཟོག་སྐྱེད་འདྲེན་ལ་འཁོར་རྒྱུགས་བྱེད་ཐུབ་པ་དང་། གྲོང་ཁྱེར་དངོས་ཟོག་སྐྱེལ་འདྲེན་ལ་དོ་དམ་བྱེད་པ། གནམ་གཤིས་ངན་པའི་འཕྲལ་སྒྲུབ་དོ་དམ་ལ་ཤུགས་སྣོན་པ་དང་། གཞུང་ལམ་གྱི་གཅིག་བསྡུས་གོ་རིམ་ལ་ཕྱོགས་བསྡུས་བཅོས་སྒྱུར་བྱེད་པ་དང་། ལྟེ་གནས་ས་ཁུལ་གྱི་རླངས་འཁོར་ལ་དོ་དམ་དང་ཚོད་འཛིན་གང་ལེགས་བྱ་དགོས་ཟེར།

ཞིང་ཆེན་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཧུའུ་ཡིས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་མ་གཞི་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་བརྡ་ལན་དང་པོར་གནས་པ་དེ་བརྡ་ལན་རིམ་པ་གསུམ་པ་རུ་སྤར་ཡོད། རིམ་པ་ཇེ་དམའ་རུ་སོང་ཡོད་རུང་། འགོག་བཅོས་ཚོད་འཛིན་གྱི་བྱ་བའི་དཀའ་ཚེགས་སྔར་ལས་ཆེ་བ་ཡིན། འགན་འཁུར་སྔར་ལས་ལྕི་བ་ཡིན། རང་ཞིང་གིས་མུ་མཐུད་དུ་ནང་དུ་འཛུལ་བ་བཀག་འགོག་དང་། ལྟེ་གནས་མི་ཚོགས་་དང་འཁོར་ཚིགས། ཚོགས་ར་བཅས་ལ་དོ་དམ་དང་ཚོད་འཛིན་བྱེད་དགོས་ལ། མཚོ་སྔོན་དུ་ཡོང་མཁན་དང་། མཚོ་སྔོན་ནས་ཕྱིར་འགྲོ་མཁན་བཅས་ལ་ཞིབ་བཤེར་ནན་མོ་བྱེད་དགོས་པ་མ་ཟད། ཞིང་འབྲོག་ཁུལ་དང་གཞིས་ཁུལ་གྱི་རིགས་འགོག་ཚོད་འཛིན་ལ་ཤུགས་སྣོན་དགོས་པ་དང་། ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་སྐབས་ཀྱི་རིམས་འགོག་ཚོད་འཛིན་ལ་མཛུབ་སྟོན་བྱེད་དགོས། ཕྱོགས་ཡོངས་ནས་སྨན་བཅོས་བྱ་བ་སླར་གསོ་བྱེད་དགོས་ལ། སྨན་བཅོས་མི་སྣར་ནན་ཏན་གྱིས་སེམས་འཁུར་བྱེད་པ་དང་། སྤྱི་ཚོགས་ཧྲིལ་བོའི་སྤྱི་པའི་རང་སྲུང་འདུ་ཤེས་མཐོར་འདེགས་སུ་བཏང་ནས། ཁྲིམས་ལྟར་འགོག་བཅོས་ཚོད་འཛིན་དང་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་དགོས་ཟེར།