མཐོ་སློབ་སློབ་ཐོན་སློབ་མ་ཚོ། ལས་ཞུཊ་སྲིད་ཇུས་གསར་ཤོས་ཐོན་འདུག
2020.02.28 ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། ཀློག་གྲངས། 79

       གཅིག ད་ལོར་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་བ་དང་ཆེད་སྦྱོང་འཛིན་གྲྭ་ནས་དངོས་གཞིའི་འཛིན་གྲྭ་ལ་རིམ་སྤོར་བྱེད་པའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ། གཞི་རིམ་སྨན་བཅོས་དང་སྡེ་ཁུལ་ཞབས་ཞུ་སོགས་ལས་གནས་ཐོག་ལས་མི་བསྡུ་ཚད་མང་དུ་གཏོང་རྒྱུ་དང་མཐོ་རིམ་སློབ་ཐོན་སློབ་མ་ཁེ་ལས་ཆུང་གྲས་སུ་ལས་ཞུགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

  གཉིས། ལས་མི་མཁོ་བའི་ལས་ཁུངས་ཀྱིས་མི་བབ་སྤྱན་ཞུ་དང་བསྡུ་ལེན་དུས་ཚོད་ཕྱིར་འགྱངས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་སློབ་གྲྭ་ནས་བྲལ་བའི་ལོ་དེ་རང་གི་སློབ་ཐོན་སློབ་མ་འབྱོར་ཐོ་འགོད་པ་དང་ཐེམ་ཐོ་བསྒྱུར་བ་སོགས་ཀྱི་དུས་ཚོད་ཕྱིར་འགྱངས་བྱེད་པ་དང་། སློབ་གྲྭ་ཐོན་རུང་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མར་ལོ་གཉིས་རིང་ཐེམ་ཐོ་དང་ཡིག་ཚགས་ཚབ་ཉར་གྱི་ཞབས་ཞུ་བསྒྲུབ་ནས་ལོ་དེ་རང་ལ་སློབ་གྲྭ་ཐོན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ཐོབ་ཐང་གཞིར་བཟུང་ལས་ཞུགས་འགྲོ་ལུགས་གཉེར་རྒྱུ།

གསུམ། རིམས་ནད་ནུས་ལྡན་ངང་ཞི་འཇགས་གཏོང་མ་ཐུབ་གོང་། སློབ་གསོ་ཚན་པས་གཉེར་བའི་མཐོ་སློབ་སློབ་ཐོན་སློབ་མར་དམིགས་པའི་ཡུལ་དངོས་སུ་ལས་མི་བསྡུ་བའི་བྱེད་སྒོ་ཁག་གནས་སྐབས་མཚམས་བཞག་ནས་དྲ་ཐོག་གི་ལས་ཞུགས་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཐོག་ས་གནས་ཁག་དང་མཐོ་རིམ་སློབ་གྲྭ་ཁག་གིས་དྲ་བའི་ཐོག་མི་བབ་སྤྱན་ཞུ་བྱེད་པ་དང་ལས་ཞུགས་གན་རྒྱ་འཇོག་པ། ལས་ཞུགས་འགྲོ་ལུགས་གཉེར་བ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ།

  བཞི། དམིགས་བསལ་དགེ་རྒན་གྱི་ལས་གནས་འཆར་གཞི་དང་སློབ་གྲྭ་ཆེ་མོ་བའི་གྲོང་དཔོན། རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག སློབ་གྲྭ་ཆེ་མོ་བས་དང་བླངས་ངང་ནུབ་རྒྱུད་འཆར་གཞི་སོགས་གཞི་རིམ་གྱི་རྣམ་གྲངས་སྒྲིག་འཛུགས་ལག་བསྟར་དེ་བས་ཡག་པ་བྱ་དགོས་པ། སློབ་ཆེན་སློབ་མ་དམག་དཔུང་ནང་ཞུགས་རྒྱུར་སྐུལ་ལྕག་དང་སློབ་ཐོན་སློབ་མ་གཞི་རིམ་དུ་ལས་ཞུགས་དང་བྱ་གཞག་གསར་གཏོད་བྱ་རྒྱུར་སྐུལ་མ་གཏོང་རྒྱུ། འཕྲིན་སྦྲེལ་དྲ་བ་དང་གྲངས་གཞི་ཆེན་པོ། མི་བཟོས་རིག་ནུས་བཅས་དངོས་གཞིའི་དཔལ་འབྱོར་དང་མཉམ་འདྲེས་གཏིང་ཟབ་ལས་བྱུང་བའི་ལས་ཞུགས་གོ་སྐབས་སྔོག་འདོན་གཏིང་ཟབ་བྱས་ཏེ་ཐབས་ལམ་སྣ་ཚོགས་བརྒྱུད་སློབ་ཐོན་སློབ་མ་ལས་ཞུགས་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ།

ལྔ། སྤྱི་པའི་ལས་ཞུགས་ཀྱི་ཤེས་ལྡན་མི་སྣར་ཞབས་ཞུ་སྒྲུབ་པའི་ལས་ཁུངས་ཀྱིས་ཐོ་འགོད་རྩིས་ལེན་གྱི་དུས་ཚོད་ནར་འགྱངས་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་གྲོས་མཐུན་འཇོག་པ་དང་ཐོ་འགོད་འགྲོ་ལུགས་གཉེར་བ་སོགས་ཀྱི་ཐད་སྟབས་བདེ་བསྐྲུན་གང་ཐུབ་བྱ་རྒྱུ། དེ་དང་ཆབས་ཅིག་ལས་མི་མཁོ་བའི་ལས་ཁུངས་ཀྱིས་འོས་འཚམ་སྒོ་ནས་ལས་མི་བསྡུ་བའི་དུས་ཚོད་ནར་འགྱངས་དང་། གཟུགས་པོར་བརྟག་དཔྱད་བྱེད་པ་དང་གན་རྒྱ་འཇོག་པའི་དུས་ཚོད་ཕྱིར་འགྱངས་གཏོང་རྒྱུར་ཁྲིད་སྟོན་བྱ་རྒྱུ།

དྲུག མཐོ་རིམ་སློབ་གྲྭས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་སློབ་ཐོན་སློབ་མ་དང་། དབང་པོ་སྐྱོན་ཅན་གྱི་སློབ་ཐོན་སློབ་མ་སོགས་ལ་གཅིག་ལ་གཅིག་གཏད་ཀྱི་རོགས་སྐྱོར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་དམིགས་ས་ཡོད་པའི་སྒོ་ནས་ལས་གནས་འོས་སྦྱོར་གྱི་ལས་དོན་སྤེལ་རྒྱུ།

བདུན། གཙོ་གནད་ཐོག་ཧུའུ་པེ་ཡི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནད་དོན་ལ་དོ་ཁུར་བྱས་ཏེ་དགོས་ངེས་ཀྱི་ལས་ཞུགས་སྐུལ་འདེད་བྱ་ཐབས་ལག་བསྟར་བྱ་རྒྱུ་དང་དྲ་ཐོག་ནས་ལས་གནས་མཁོ་འདོན་བྱ་ཤུགས་ཆེ་རུ་གཏོང་བ། སློབ་ཐོན་སློབ་མའི་ལས་འདེམས་ཐབས་ལམ་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ་ལས་ཞུགས་གོ་སྐབས་མང་དུ་གཏོང་རྒྱུ།

བརྒྱད། སློབ་ཆེན་སློབ་མ་ཁེ་ལས་དང་བྱ་གཞག་ཚན་པར་དངོས་སྦྱོང་བྱ་རྒྱུ་གནས་སྐབས་མཚམས་འཇོག་བྱ་རྒྱུ་ཡིན་པས་མཐོ་རིམ་སློབ་གྲྭ་ཁག་གིས་རང་སློབ་གྲྭའི་དོན་དངོས་གནས་ཚུལ་གཞིར་བཟུང་དངོས་སྦྱོང་གི་སློབ་སྐར་འོས་འཚམ་གྱིས་ཉུང་འཕྲི་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་ཆོག རིམས་ནད་ཀྱི་འཕེལ་ཚུལ་གཞིར་བཟུང་། དུས་ཐོག་ཏུ་མཐོ་རིམ་སློབ་གྲྭའི་སློབ་ཐོན་དཔྱད་རྩོམ་དང་སློབ་ཐོན་འཆར་འགོད།   དཔྱད་རྩོམ་བགྲོ་གླེང་སྐོར་གྱི་འབྲེལ་ཡོད་བླང་བྱ་དང་བཀོད་སྒྲིག་ཞིབ་ཕྲ་བཟོ་དགོས།

  དགུ། དྲ་ཐོག་ནས་ལས་རིགས་མཛུབ་ཁྲིད་ཀྱི་སློབ་ཚན་ཁག་གཅིག་བཀོད་སྒྲིག་དང་སྤྱི་པའི་ལས་ཞུགས་ཞབས་ཞུའི་ཆེད་ལས་མཁས་པ་སྒྲིག་འཛུགས་བྱས་ཏེ་སློབ་ཐོན་སློབ་མས་དོ་ཁུར་བྱེད་པའི་ལས་ཞུགས་གནད་དོན་ལ་གསལ་འགྲེལ་དང་། ལས་རིགས་དང་སེམས་ཁམས་ཐད་མཛུབ་ཁྲིད་བྱ་རྒྱུ་བཅས་བྱ་རྒྱུ་རེད་འདུག