ལིག་ཉིང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆེད་དོན་གྲོས་ཚོགས་བསྡུས།
2020.02.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 68

ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ལིག་ཉིང་གིས་འགོ་འཛིན་བྱས་ཏེ། ཞིང་ཆེན་སྲིད་གཞུང་གི་ཆེད་དོན་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་དཔྱིད་དུས་སློབ་འགོ་རྩོམ་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་དང་། ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་། ཧྲིན་ཀྲང་གཞོན་པ་ལིག་ཐའོ་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་བསྟན་དོན། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་དཔྱིད་དུས་སློབ་འགོ་རྩོམ་པར་སྒྲིག་འཛུགས་བྱ་རྒྱུ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོས་དོ་ཁུར་ཆེ་ཤོས་བྱེད་ཀྱིན་པའི་བྱ་བ་ཞིག་རེད། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམས་བྱེད་རྒྱུ་ནི་འུ་ཅག་གི་མིག་མདུན་དུ་ལྷགས་པའི་ལས་འགན་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། གཙོ་གནད་འབུར་དུ་ཐོན་པར་བྱེད་པ་དང་། གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག རིགས་དབྱེ་མཛུབ་སྟོན། ཁུལ་དབྱེ་ཇུས་བསྟར་བཅས་ཀྱི་བླང་བྱ་རྒྱུན་འཁྱོངས་བྱེད་པ། དགེ་སློབ་ཡོངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། སློབ་མཚམས་དབྱེ་བ་དང་ས་ཁུལ་དབྱེ་བ་སོགས་གོ་རིམ་ལྡན་པའི་སྒོ་ནས་སློབ་འགོ་རྩོམ་རྒྱུ་ རྒྱུན་འཁྱོངས་བྱེད་པ། སྡེ་ཁག་གི་མཉམ་སྡེབ་དམག་འཐབ་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་རྩོམ་པའི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དུས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ། ཞིང་ཆེན་རིམ་པའི་སློབ་གསོ་སྡེ་ཁག་གི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། ནོར་འཁྲུལ་དང་ནོར་འཛོལ་ཅི་ཡང་མེད་པའི་སྒོ་ནས་སློབ་འགོ་རྩོམ་པར་འཆར་གཞི་བཟོ་བ། སློབ་གྲྭ་མ་འཚོགས་གོང་གི་གྲ་སྒྲིག་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། སློབ་ཁྲིད་སྦྲེལ་མཐུད་ཡག་པོ་བྱེད་པ་བཅས་བྱས་ནས། སློབ་འགོ་རྩོམ་པའི་དུས་ཚོད་དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས། སློབ་གྲྭ་རེར་ཐབས་ཇུས་རེ་རྒྱུན་འཁྱོངས་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕྲལ་སྡོམ་ཇུས་གཞི་བཟོ་བ་དང་འཐུས་ཚང་དུ་གཏོང་བ། སློབ་གྲྭར་ཕྱིར་ལོག་པའི་དགེ་སློབ་ལོགས་བཀར་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། སློབ་གྲྭ་འཚོགས་པའི་རིམས་འགོག་སློབ་ཚན་དང་པོ་ཡག་པོ་བསྒྲུབ་པ། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་གནད་འཁེལ་དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། རྗེས་འདེད་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ཆེན་སློབ་གསོ་དང་འཕྲོད་བསྟེན་ཅན་སོགས་སྡེ་ཁག་གིས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཙུགས་ཏེ། གཞི་རིམ་དུ་ལྟ་སྐུལ་ཞིབ་བཤེར་བྱེད་པར་བསྐྱོད་དེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་ཞིབ་བཤེར་གཙང་སེལ་བྱེད་རྒྱུ་དང་། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་བྱེད་དགོས། མིག་མངས་འགྲིག་སྐོར་གཅིག་གི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་ཁོངས་གཏོགས་ཁུལ་དང་སྡེ་ཁག དགེ་རྒན། ཁྱིམ་བདག་བཅས་ཀྱི་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་། སྨན་བཅོས་སྒྲིག་གཞི་དང་སློབ་གྲྭའི་དབར་གྱི་འབྲེལ་གཏུག་ལམ་སྲོལ་འཛུགས་པ་དང་དེ་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བ། སློབ་གྲྭའི་སྨན་པའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཚོ་བའི་དངོས་ཟོག་སྔོན་ལ་འགན་ལེན་བྱེད་པ། སློབ་གྲྭའི་ཉེན་རྟོག་པ་ཡི་མཉམ་འགུལ་ལམ་སྲོལ་དོན་འཁྱོལ་བྱེད་པ། སྤྱི་པའི་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་ཤུགས་ལ་བཀོད་སྒྲིག་ལུགས་མཐུན་བྱེད་པ་བཅས་བྱེད་དགོས། སློབ་གྲྭའི་ཕྱི་ནང་གི་ཁོར་ཡུག་བདེ་འཇགས་ལ་ཞིབ་བཤེར་དང་འཕྲོད་བསྟེན་བཅོས་སྒྲིག་གཏིང་ཟབ་བྱེད་པ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་འགོག་སྲུང་དངོས་ཟོག་དང་འཕྲོད་བསྟེན་ཐོན་ཁུངས། འགྲིམ་འགྲུལ་བདེ་སྲུང་སོགས་འགན་ལེན་གྱི་རྒྱུ་རྐྱེན་གཙོ་བོ་སློབ་གྲྭར་ཕྱོགས་དུ་མ་ནས་ལྡན་པར་བྱས་ཏེ། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་སློབ་གྲྭ ཁྱིམ་བདག་དང་སློབ་མ། སློབ་གྲྭ་དང་སློབ་གྲྭའི་ཉེ་འཁོར་བཅས་ཀྱིས་ཕྱར་བ་གྲུ་འདེགས་བྱས་ནས། དཔྱིད་དུས་སློབ་འགོ་རྩོམ་སྐབས་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པ་དང་དགེ་སློབ་བདེ་འཇགས་ཡོང་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།