ཐེན་ཅིན་ཁྲིན་གྱིས་རྨ་ལྷ་ཁུལ་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བར་རྟོག་ཞིབ་བྱས།
2020.03.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བར་རྟོག་ཞིབ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་འཛུབ་སྟོན་གྱི་རེ་བ་ནན་ཏན་སྒོས་དངོས་འབེབ་བྱ་དགོས་པ་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་གི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེབ་བྱ་དགོས། ཉེན་ཁ་འགོག་སྲུང་གི་འདུ་ཤེས་མཐོར་འདེགས་དང་བྱེད་ཐབས་ལེགས་སྒྱུར། འགོག་ར་བརྟན་སྲུང་། ལྷོད་གཡེང་མེད་པའི་སྒོ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བ་ནན་ཏན་སྒོས་སྒྲུབ་དགོས་ཟེར།

ཐེན་ཅིན་ཁྲིན་གྱིས་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་རྩྭ་ཐང་དང་རྩེ་ཁོག་རྫོང་གི་དམེ་ཤུལ་ནགས་ར་སོགས་ཀྱི་ཡུལ་དངོས་སུ་མེ་ཁུངས་འགོག་སྡོམ་དང་རེས་མོས་ལྟ་སྲུང་། དངོས་རྫས་གསོག་ཉར་སོགས་ཀྱི་གནས་ཚུལ་དང་ནགས་ཚལ་དང་རྩྭ་ཐང་འགོག་སྲུང་གི་དཔུང་སྡེ་འཛུགས་སྐྲུན། མེ་འགོག་དྲ་རྒྱ་ཅན་གྱི་དོ་དམ་བྱ་བ་སོགས་ལ་རྟོག་ཞིབ་བྱས། ཁོས་བསྟན་དོན། མིག་སྔར་ནི་ནགས་ཚལ་དང་རྩྭ་ཐང་ལ་མེ་ཤོར་སླ་བ་དང་མེ་ཤོར་བ་མང་བའི་དུས་སྐབས་ཡིན་པས་ངེས་པར་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་དམ་པོར་བཟུང་སྟེ་མེ་ཁུངས་འགོག་སྡོམ་ལ་ཤུགས་སྣོན་དང་། ས་ཁུལ་གཙོ་བོ་དང་དུས་སྐབས་གལ་ཆེན་དང་དམ་དུ་འབྲེལ་ཏེ་མེ་འགོག་བྱ་བར་ཤུགས་ཆེན་པོས་འགན་སྲུང་བྱས་ཏེ་མེ་སྐྱོན་ཆེན་པོ་མི་འབྱུང་བར་འགན་ལེན་ཁག་ཐེག་བྱ་དགོས་ཟེར།

ཐེན་ཅིན་ཁྲིན་གྱིས་བསྟན་དོན། སྔོན་འགོག་གཙོར་འཛིན་རྒྱུན་འཁྱོངས་དང་མེ་འགོག་པ་དང་མེ་གསོད་པའི་བྱ་བ་ཟུང་འབྲེལ་བྱས་ཏེ་རིམ་པ་སོ་སོའི་འགན་འཁྲི་དངོས་འབེབ་བྱ་དགོས། ཕྱོགས་བསྡུས་རང་བཞིན་གྱི་འགོག་སྲུང་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེར་བཏང་སྟེ་རྩྭ་ཐང་སོགས་འགག་རྩའི་ས་ཁུལ་དུ་འཕྲལ་སྒྲུབ་ཀྱི་ཇུས་གཞི་ལེགས་སྒྲུབ་དང་འཕྲལ་སྒྲུབ་ལྟ་སྲུང་ལ་ཤུགས་སྣོན་བཅས་བྱས་ཏེ་མེ་སྐྱོན་བྱུང་ཚེ་མྱུར་ཏུ་མེ་གསོད་ཐུབ་པར་འགན་ལེན་བྱ་དགོས། དཔུང་སྡེའི་ལག་ཆ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་སློབ་གསོའི་དྲིལ་སྒྲོག་དང་ཉེན་རེའི་ལྟ་སྲུང་ལ་ཤུགས་སྣོན་བྱས་བཅས་བྱས་ཏེ་ཆ་འཕྲིན་མཉམ་སྤྱོད་དང་ཞིབ་འཇུག་བརྡར་གཅོད་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ལ་འགན་ལེན་ཁག་ཐེག་བྱ་དགོས་ཟེར།

རིག་འཛིན་ཐར་གྱིས་བསྒྱུར།