ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་པྲོག་དབྱིབས་ནད་དུག་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།
2020.03.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 86

ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་པྲོག་དབྱིབས་ནད་དུག་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་པྲོག་དབྱིབས་ནད་དུག་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཀྲུང་དབྱང་པྲོག་དབྱིབས་ནད་དུག་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་དམ་འཛིན་བྱེད་དགོས། དེང་སྐབས། ཝུའུ་ཧན་གཙོ་ཡིན་པའི་རྒྱལ་ཡོངས་རང་ས་གནས་སུ་རིམས་ནད་མཆེད་པ་ཕལ་ཆེར་བཀག་འགོག་བྱས་ཡོད་ལ། འཛམ་གླིང་ཡོངས་སུ་རིམས་ནད་བྱུང་བ་ཇེ་མང་དུ་འགྲོ་བའི་གནས་བབ་དང་ཟུང་འབྲེལ་བྱས་ཏེ། ཕྱི་ནས་ནང་ལ་མཆེད་པ་སྔོན་འགོག་དང་ནང་ཁུལ་ནས་ཡང་བསྐྱར་འབྱུང་བ་སྔོན་འགོག་བྱེད་པའི་འགོག་སྲུང་ཇུས་གཞི་ལག་བསྟར་བྱེད་དགོས། ཝུའུ་ཧན་དང་ཧུའུ་པེ་ཡིས་ནད་པ་ལྗིད་མོ་མྱུར་སྐྱོབ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། དུས་ཐོག་ཏུ་ནད་པ་གསར་བ་བསྡུ་ལེན་བྱས་ནས་སྨན་བཅོས་གང་ལེགས་བྱེད་དགོས། ས་གནས་སོ་སོས་དངོས་ཐོག་བདེན་འཚོལ་དང་མངོན་གསལ་སྒོས་ཆ་འཕྲིན་གསར་བ་ཁྱབ་སྒྲོག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གལ་ཏེ་རིམས་ནད་བྱུང་མཁན་རྩད་ཆོད་རྗེས་དུས་ཐོག་ཏུ་གནད་ཁེལ་དོ་དམ་དང་ཚོད་འཛིན་བྱེད་པ་དང་རིམས་ནད་བྱུང་ས་མྱུར་དུ་བཀག་སྡོམ་བྱེད་དགོས། གནད་ཁེལ་དང་ནུས་ལྡན་སྒོས་རྒྱལ་ཁོངས་བརྒལ་ནས་ནང་ལ་མཆེད་པ་དང་ནང་ནས་ཕྱི་ལ་མཆེད་པ་གཏན་འགོག་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པར་རོགས་རམ་ཆེན་པོ་བྱེད་དགོས། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་འབྲེལ་ཡོད་ཕྱོགས་ཀྱིས་རང་རྒྱལ་གྱི་ཕྱི་རྒྱལ་ན་ཡོད་པའི་སྤྱི་དམངས་སྲུང་སྐྱོབ་དང་རིམས་ནད་འགོག་སྲུང་བྱེད་པར་རོགས་སྐྱོར་ཆེན་པོ་བྱེད་དགོས་ཟེར།

ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་ས་གནས་སོ་སོས་དང་ཧུའུ་པེ་དང་འབྲེལ་མཐུད་བྱས་ཏེ། བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་ཧུའུ་པེ་ན་ཡོད་པའི་ས་ཁུལ་གཞན་གྱི་མི་སྣ་ཕ་ཡུལ་དུ་ལོག་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།