ཞི་ཅིན་ཕིང་གིས་དུས་བཅད་ལྟར་པ་ཞིའི་ཙུང་ཐུང་པའོ་སོ་ན་ལོ་ལ་ཁ་པར་བཏང་།
2020.03.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་པ་ཞིའི་ཙུང་ཐུང་པའོ་སོ་ན་ལོ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་ཐོག་མར་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ་པ་ཞི་སྲིད་གཞུང་དང་པ་ཞི་མི་དམངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ནས་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་དང་རྦད་ཆོད་སྒོས་རྒྱབ་སྐྱོར་བྱེད་རྒྱུའི་བསམ་ཚུལ་བསྟན། ཞི་ཅིན་ཕིང་གིས་གསུངས་རྒྱུར། ཉེ་ལམ་པྲོག་དབྱིབས་ནད་དུག་དེ་འཛམ་གླིང་གི་རྒྱལ་ཁབ་གང་མང་དུ་བྱུང་དང་འབྱུང་བཞིན་ཡོད་པ་དང་ འགོས་ཁྱབ་བྱུང་བའང་ཧ་ཅང་མགྱོགས་པས། རྒྱལ་ཁབ་སོ་སོས་མཉམ་ལས་ལ་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། མངོན་གསལ་དང་ཁྱབ་སྒྲོག འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་བཟུང་སྟེ་དུས་ཐོག་ཏུ་རིམས་ནད་ཆ་འཕྲིན་ཁྱབ་སྒྲོག་བྱེད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགོག་སྲུང་དང་སྨན་བཅོས་ཉམས་མྱོང་ལོངས་སྤྱོད་བྱེད་དུ་འཇུག་པར་མ་ཟད་ནུས་ཤུགས་གང་ཡོད་སྒོས་ཕྱོགས་སོ་སོར་རོགས་སྐྱོར་འདོན་སྤྲོད་བྱེད་པ་ཡིན། བདག་གིས་པ་ཞིའི་རིམས་ནད་གནས་བབ་ལ་ཧ་ཅང་ཡིད་འཇོག་བྱེད་ཀྱིན་ཡོད་པ་དང་། པ་ཞི་ཡིས་མྱུར་དུ་བྱེད་ཐབས་སྣ་ཚོགས་སྤྱད་དེ་རིམས་ནད་འགོས་ཁྱབ་ཏུ་འགྲོ་བ་གཏན་འགོག་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཕྱོགས་ལ་ནུས་ཤུགས་གང་ཡོད་སྒོས་རོགས་རམ་འདོན་སྤྲོད་བྱས་ཏེ། རིམས་ནད་དེ་འཛམ་གླིང་ཁྱབ་ཁོངས་སུ་འགོས་ཁྱབ་ཏུ་འགྲོ་བ་གཏན་འགོག་བྱེད་པའི་ཐད་ལ་བྱས་རྗེས་འཇོག་འདོད་ཡོད་ཟེར།

པའོ་སོ་ན་ལོ་ཡིས་བཤད་རྒྱུར། དེང་སྐབས་པྲོག་གསར་གློ་ཚད་རིམས་ནད་དེ་པ་ཞི་རྒྱལ་ཁབ་ཏུ་འགོས་ཁྱབ་བྱུང་བཞིན་ཡོད། པ་ཞི་ཕྱོགས་ཀྱིས་ཀྲུང་གོས་པ་ཞིས་དགོས་མཁོ་ཆེ་བའི་སྨན་བཅོས་དངོས་རྫས་ཉོ་སྡུད་བྱེད་པར་སྟབས་བདེ་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུ་བར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་འགོག་སྲུང་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་། མཉམ་དུ་རིམས་ནད་འགོག་རྒོལ་ཐད་ལ་ནུས་ལྡན་བྱེད་ཐབས་སྤྱད་དེ་རྒྱལ་ནང་གི་རིམས་ནད་འགོས་ཁྱབ་ཏུ་འགྲོ་བ་གཏན་འགོག་བྱེད་པ་ཡིན་ཟེར།