རྡོ་རྗེ་རབ་བརྟན་གྱིས་མཚོ་སྔོན་ཞིང་ཆེན་གྱི་གཞི་གྲངས་ཆེན་པོའི་རྟེན་གཞི་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས།
2020.03.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ཀྲུའུ་ཞི་གཞོན་པ་ཝང་ཞོན་གཉིས་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱི་ད་ལོའི་གྲོས་མོལ་བརྗོད་གཞི་གཙོ་བོར་དམིགས་ནས་ཀྲུང་གོ་ལེན་ཐུང་མཚོ་སྔོན་ཡན་ལག་ཀུང་ཟི་དང་ཀྲུང་གོ་དབྱི་ཏུང་མཚོ་སྔོན་ཚད་ཡོད་ཀུང་ཟི་གཉིས་ལ་སོང་ནས་མཚོ་སྔོན་ཞིང་ཆེན་གྱི་གཞི་གྲངས་ཆེན་པོའི་རྟེན་གཞི་འཛུགས་སྐྲུན་དང་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། རིག་སྟོབས་སྲིད་གྲོས་འཛུགས་སྐྲུན་བྱེད་པའི་ཐད་ནས་བསམ་འཆར་བསྡུ་ལེན་བྱས།

རྡོ་རྗེ་རབ་བརྟན་གྱིས་ཀུང་ཟི་གཉིས་ཀྱི་གཞི་གྲངས་ཆེན་པོའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཆ་འཕྲིན་ཅན་ཁྱབ་གདལ་བེད་སྤྱོད་སོགས་ཕྱོགས་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གངས་ལེགས་བྱས། ཁོས་བསྟན་དོན། ཀུང་ཟི་གཉིས་ཀྱིས་མཚོ་སྔོན་གྱི་ཁྱད་དུ་འཕགས་པའི་མཐོ་སྒང་གི་ནམ་ཟླའི་ཆ་རྐྱེན་ལ་རྒྱབ་རྟེན་ནས། མཐོ་གསར་ལག་རྩལ་དགེ་མཚན་བཀོལ་སྤྱོད་གང་ལེགས་བྱས་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཞུགས་ཏེ། ཞིང་ཆེན་ཡོངས་ཀྱི་གསར་གཏོད་ནུས་པ་མཐོར་འདེགས་གཏོང་བ་དང་། མཐོ་གསར་ལག་རྩལ་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན། ལྷག་པར་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་སྐབས་སུ། རང་སྟེང་གི་ལག་རྩལ་དང་སྟེགས་བུའི་དགེ་མཚན་འདོན་སྤེལ་བྱས་པ་དང་། གླ་ཆད་པའི་སྐབས་སུ་ཡང་བཀོལ་སྤྱོད་བྱེད་ཆོག་པའི་ཞབས་ཞུ་དང་རིན་མེད་ཏིན་ཏིན་དྲ་ཐོག་སློབ་ཁྲིད་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་པ་བརྒྱུད་དེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཤུགས་ཡོད་ཀྱི་ཆ་འཕྲིན་ཞབས་ཞུ་འདོན་སྤྲོད་བྱས་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཞི་གྲངས་ཆེན་པོའི་ལག་རྩལ་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་རེ་བ་བཏོན། ཀུང་ཟི་གཉིས་ཀྱིས་གོ་སྐབས་དམ་འཛིན་བྱེད་པ་དང་གསར་འབྱེད་འབད་འཐབ་བྱེད་པ། རང་སྟེང་གི་ལག་རྩལ་དང་ཤེས་ལྡན་མི་སྣ། ཐོན་ཁུངས་དགེ་མཚན་བཀོལ་སྤྱོད་བཟང་བོ་བྱེད་པ། ཞིང་ཆེན་ཡོངས་ཀྱི་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཞུགས་པ། 5Gདྲ་རྒྱ་འཛུགས་སྐྲུན་བྱེད་པ། ཧུར་ཐག་གིས་མཐོ་གསར་ལག་རྩལ་དགེ་མཚན་དེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་ཆེན་པོ་དང་འདེགས་སྐྱོར་གལ་ཆེན་དུ་བསྒྱུར་ནས། དབུལ་ཐར་མཁྲེགས་གཏོང་གྱི་རྒྱལ་ཁ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། མི་དམངས་སྲིད་གྲོས་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན་པས། ངེས་པར་དུ་བབ་བསྟུན་མདུན་སྐྱོད་ཀྱིས་འགན་སྒྲུབ་གསར་གཏོད་བྱས་ན། ད་གཟོད་གཞི་གྲངས་ཆེན་པོའི་དུས་རབས་ཀྱི་རེ་བ་དང་མཐུན་པ་དང་། ད་གཟོད་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་དགེ་མཚན་དེ་ས་གནས་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་ཐུབ། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱིས་གཞི་གྲངས་བེད་སྤྱད་དེ་བྱ་བ་སྣ་ཚོགས་སྤེལ་བའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། གཞི་གྲངས་ཆེན་པོས་བྱ་བ་སྣ་ཚོགས་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་ཐུབ་པར་བྱེད་དགོས། ཕྱོགས་གཅིག་ནས་གཞི་གྲངས་ལག་རྩལ་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས། བརྟག་བཤེར་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། བློ་འདོན་ཇུས་འབུལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་སྲིད་གྲོས་ཀྱི་རིག་སྟོབས་དང་སྟོབས་ཤུགས་འབུལ་དགོས། ཕྱོགས་གཞན་ཞིག་ནས་གཞི་གྲངས་ཆེན་པོའི་དགེ་མཚན་ལ་རྒྱབ་རྟེན་ནས་སྲིད་གྲོས་ཀྱི་འགན་སྒྲུབ་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རིག་སྟོབས་སྲིད་གྲོས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། འགན་སྒྲུབ་སྟེགས་བུ་སྔར་ལས་མང་པོ་འཛུགས་སྐྲུན་བྱེད་པ། བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བའི་ཕན་འབྲས་ཇེ་ཆེར་བཏང་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།