ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱི་དབུལ་ཐར་མཁྲེགས་གཏོར་མས་སྐྱོར་འགན་སྲུང་གི་སྐུལ་སློང་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།
2020.03.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ3པའི་ཚེས25ཉིན། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱི་དབུལ་ཐར་མཁྲེགས་གཏོར་མས་སྐྱོར་འགན་སྲུང་གི་སྐུལ་སློང་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། ཚོགས་འདུའི་སྟེང་དམངས་སྲིད་པུའུ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་དབུལ་ཐར་མཁྲེགས་གཏོར་མས་སྐྱོར་འགན་སྲུང་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་པ་དང་། བྱ་བའི་གནས་ཚུལ་བརྗེ་རེས་བྱས་ལ། འབྲེལ་ཡོད་ཡིག་ཆ་འགྲེལ་ཀློག་བྱས་པར་མ་ཟད། ཉིས་སྟོང་ཉི་ཤུ་ལོའི་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱི་དབུལ་ཐར་མཁྲེགས་གཏོར་མས་སྐྱོང་འགན་སྲུང་བྱ་བར་སྐུལ་སློང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིའུ་ཉིང་གཉིས་ཀྱིས་སོ་སོར་བྱ་བར་རེ་བ་བཏོན་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། མས་སྐྱོར་འགན་སྲུང་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་འགན་སྲུང་གལ་ཆེན་ཡིན་ལ། དམངས་སྲིད་སྡེ་ཁག་གིས་འགན་སྲུང་འདིའི་ཐད་ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་ཁུར་ཡོད། འགན་འཁྲི་ཅི་ལས་ལྕི་བས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར། གནད་ཕིགས་ཇུས་བསྟར་དང་བྱ་བ་ཞིབ་སྒྲུབ་ཀྱིས་མས་སྐྱོར་འགན་སྲུང་ཐད་ཁྱིམ་ཚང་གཅིག་དང་མི་གཅིག་ཀྱང་མི་ལུས་པར་ཁག་ཐེག་བྱས་ནས། དབུལ་ཐར་མཁྲེགས་གཏོར་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་དམངས་སྲིད་སྡེ་ཁག་གིས་འཇོག་འོས་པའི་བྱས་རྗེས་འཇོག་དགོས་ཟེར།

ལིའུ་ཉིང་གིས་བསྟན་དོན། མས་སྐྱོར་འགན་སྲུང་ནི་དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལས་རྣམ་པར་རྒྱལ་བའི་ཚད་མཐའི་འགན་འཁྲི་ཡིན་པས། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་རོགས་སྐྱོབ་ཀྱི་མས་སྐྱོར་དབུལ་ཐར་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། དམིགས་བསལ་དཀའ་ཁག་ཚོགས་པར་སེམས་ཁུར་རོགས་སྐྱོར་བྱེད་པར་དངོས་སུ་ཤུགས་སྣོན་པ། སྐྱོར་འོས་ཡོངས་སྐྱོར་དང་སྲུང་འོས་ཡོངས་སྲུང་ལ་ཁག་ཐེག་བྱས་ཏེ། སྤུས་ཚད་མཐོན་པོས་མས་སྐྱོར་འགན་སྲུང་གི་ལས་འགན་ཡོངས་འགྲུབ་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་དམངས་སྲིད་ཀྱི་རྒྱུགས་གཞི་ཚད་ལྡན་ཞིག་སྤྲོད་དགོས་ཟེར།

ཁོང་ཡུང་གིས་གཏམ་བཤད་སྐབས་ལོ་ལྔའི་རིང་གི་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་དབུལ་ཐར་མཁྲེགས་གཏོར་མས་སྐྱོར་འགན་སྲུང་བྱ་བར་བླངས་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། དེང་སྐབས་ཀྱི་གནས་བབ་གསར་བ་དང་ལས་འགན་གསར་བར་དབྱེ་ཞིབ་ཟབ་མོ་བྱས་པར་མ་ཟད། ད་ལོའི་དབུལ་ཐར་མཁྲེགས་གཏོར་མས་སྐྱོར་འགན་སྲུང་བྱ་བ་བཟང་བོར་སྒྲུབ་པར་རེ་བ་བཏོན། ཁོས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་བྱས་ཏེ་ཆེས་མཐའ་མཇུག་གི་ལོ་ལ་ཐོན་པའི་སྐབས་འདིར། ལྷག་ཡོད་པ་ནི་དབུལ་ཕོངས་ནང་གི་དབུལ་ཕོངས་དང་དཀའ་ཁག་ནང་གི་དཀའ་ཁག་ཡིན་པས། རིམ་པ་སོ་སོའི་སྲིད་གཞུང་དང་དམངས་སྲིད་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སྦྱོང་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། དཀའ་ངལ་གདོང་གིས་བསུ་བ་དང་རང་འགུལ་གྱིས་འབད་བརྩོན་བྱས་ཏེ། པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་ཐེབས་ཚད་ཧ་ཅང་ཇེ་དམའ་རུ་གཏོང་བ་དང་། རིམས་ནད་འགོག་སྡོམ་དུས་སྐབས་ཀྱི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འཚོ་བའི་རོགས་སྐྱོར་དང་དབུལ་ཐར་མཁྲེགས་གཏོར་གྱི་མས་སྐྱོར་འགན་སྲུང་གི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་སྟེ། དམངས་སྲིད་ཁོངས་གཏོགས་ དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལས་རྣམ་པར་རྒྱལ་བར་བྱེད་དགོས་ཟེར།

ཕྱུག་ལོས་བསྒྱུར།