མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2020.03.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིའུ་ཉིང་གིས་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་སྡོམ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། མིག་སྔར། ཝུའུ་ཧན་གཡུལ་ས་གཙོ་བོ་ཡིན་པའི་རྒྱལ་ཡོངས་ཀྱི་རིམས་ནད་བརྒྱུད་མཆེད་ཧ་ལམ་བཀག་འགོག་ཚོད་འཛིན་བྱས་པ་དང་།  ཞིང་ཆེན་ཡོངས་ཀྱི་རྫོང་ཡོངས་རྫོགས་རྒྱུན་ལྡན་གྱི་འགོག་སྡོམ་དོ་དམ་དུ་བསྒྱུར་ལ། རིམ་པ་སོ་སོའི་རིགས་མི་འདྲ་བའི་སློབ་གྲྭ་དག་གོ་རིམ་ལྡན་པའི་སྒོ་ནས་སློབ་འགོ་བརྩམ་པ་དང་། ཕྱིར་བསྐྱོད་གཉིས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་བཞིན་པའི་སྒང་ཡིན། ཡིན་ན་ཡང་རིམས་ནད་འཛམ་གླིང་ཡོངས་སུ་མཆེད་པ་དང་། ནད་པ་འགའ་དང་ས་ཆ་ཁ་ཤས་སུ་རིམས་ནད་འགོས་པའི་ཉེན་ཁ་ད་དུང་ལྡན་ལ། མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་ཕྱི་ནས་ནང་དུ་ཁྱབ་པ་འགོག་པའི་གནོན་ཤུགས་སྔར་བཞིན་ཆེ་བ་དང་། ལས་ཐོན་སླར་གསོའི་ལས་འགན་ཧ་ཅང་ལྕི་ཟེར།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ། དུས་ནམ་ཡང་བློ་རིག་སྒྲིམ་པ་དང་། རིམས་ནད་ཕྱི་ནས་ནང་དུ་ཁྱབ་པར་བཀག་འགོག་བྱེད་པའི་བྱེད་ཐབས་བཟང་བོ་སྤྱོད་པ། ཚ་རྒྱས་སྒོ་བསྟེན་དང་ལུས་ཕུང་བརྟག་དཔྱད། རིགས་བགར་ནས་སྨན་བཅོས་བྱེད་པ་སོགས་ཀྱི་ལམ་ལུགས་སྔར་བཞིན་ལག་བསྟར་བྱེད་པ། འཕྲལ་བསྟུན་ཐག་གཅོད་ནུས་པ་རྒྱུན་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུད་རིམ་འཐུས་ཚང་དུ་གཏོང་བར་འགན་སྲུང་བྱེད་པ། སྔ་མོ་ནས་རྙེད་པ་དང་སྔ་མོ་ནས་ཡར་ཞུ་བྱེད་པ། སྔ་མོ་ནས་ལོགས་སུ་བཀར་བ། སྔ་མོ་ནས་སྨན་བཅོས་བྱེད་པ། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་སྒོ་ནས་སྔོན་འགོག་ཚོད་འཛིན་བྱས་ཏེ། སྔོན་འགོག་ཚོད་འཛིན་ཐད་ནས་བླངས་པའི་གྲུབ་འབྲས་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།