ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་རུ་ལྟ་ཞིབ་བྱས།
2020.03.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན།     ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་སྣེ་ཁྲིད་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་རུ་སོང་ནས་ལྟ་ཞིབ་བྱས་པ་དང་།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་འཛུགས་སྐྲུན་གྱི་གྲུབ་འབྲས་དང་།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་མྱུར་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཁྲོད་དུ་སྐྱེ་ཁམས་གཞི་གྲངས་ཆེན་པོ་སོགས་འཛུགས་པའི་ཐད་ཀྱི་དཀའ་གནད་དང་གནད་དོན་ལ་རྒྱུས་ལོན་བྱས།

ཏུའུ་ཅེ་སོགས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་འགྲེམ་སྟོན་ལྟེ་གནས་དང་སྐྱེ་ཁམས་གཞི་གྲངས་ཆེན་པོའི་ལྟེ་གནས་ལ་ལྟ་སྐོར་བྱས་པ་དང་།    རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་དྲིལ་སྒྲོག་པར་གཞི་ལ་བལྟས་པར་མ་ཟད།    བཞུགས་མོལ་ཚོགས་འདུ་བསྡུས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་བྱ་བའི་གནས་ཚུལ་སྙན་ཞུ་བྱས་པར་ཉན།  ཨུ་ཡོན་རྣམས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་ཐད་ནས་བླངས་པའི་རིགས་སོ་སོའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།   ཨུ་ཡོན་རྣམས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་བྱ་བའི་གྲུབ་འབྲས་མངོན་གསལ་ཡིན་པ་དང་།  ཁྱད་ཆོས་འབུར་ཐོན་ཡིན་ལ།     མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་བགྲོད་ལམ་ཞིག་ཏུ་བསྐྱོད་ཡོད་པར་སྙམ་པ་མ་ཟད།    སྐྱེ་ཁམས་གཞི་གྲངས་ཆེན་པོའི་སྟེགས་བུ་འཛུགས་སྐྲུན་དང་སྐྱེ་ཁམས་དམངས་ཕན་སོགས་ཐད་ལ་བསམ་འཆར་བཏོན།

ཏུའུ་ཅེ་ཡིས་ནན་གྱིས་བསྟན་དོན།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ལྕགས་རི་གལ་ཆེན་ཡིན་པ་དང་།    སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་དང་རང་བྱུང་མཛེས་ལྗོངས།   སྐྱེ་དངོས་སྣ་རང་བཞིན་སོགས་ཐད་ནས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དུ་སྲུང་སྐྱོབ་ཀྱི་དོན་སྙིང་གལ་ཆེན་ལྡན་པས།     རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་བྱ་བའི་གྲུབ་འབྲས་ལ་སྔར་ལས་ཞིབ་འཇུག་དང་སྤྱི་བསྡོམ་བྱེད་དགོས་པ་དང་།  རྒྱལ་ཁབ་རིམ་པའི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་རྨང་གཞི་བརྟན་པོ་འདིང་དགོས།   དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་ཕྱི་ཕྱོགས་མཉམ་ལས་བརྗེ་རེས་ཇེ་ཟབ་ཏུ་བཏང་སྟེ་མཚོ་སྔོན་གྱི་མིང་གྲགས་སྔར་ལས་མཐོར་འདེགས་གཏོང་དགོས།   རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཆུ་ཚད་སྔར་ལས་མཐོར་འདེགས་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་མཚོ་སྔོན་གྱི་ཉམས་མྱོང་དང་སྟོབས་ཤུགས་འབུལ་དགོས་ཟེར།