མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞི་གྲོས་ཚོགས་བསྡུས།
2020.03.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཏང་ཙུའུ་གྲོས་ཚོགས་ཐེངས་ལྔ་བཅུ་བ་དང་ཀྲུའུ་ཞི་གྲོས་ཚོགས་ཐེངས་སོ་ལྔ་བ་བསྡུས་ཏེ། ཞིང་ཆེན་སྲིད་གྲོས་ཀྱི་ཉེ་དུས་ཀྱི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱིས་སྤུས་འདེགས་ནུས་སྤེལ་ལོ་གསུམ་འགུལ་སྐྱོད་ཀྱི2020ལོའི་ལག་བསྟར་ཇུས་གཞི་དང་། འགོ་གཙོའི་དགོངས་པ་སློབ་སྦྱོང་བྱེད་པ་དང་འགན་འཁྲི་ཨུ་ཡོན་བྱེད་པ་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་བརྗོད་དོན་ཆེན་པོ་གཉིས་ཀྱི་འགན་སྒྲུབ་བྱ་འགུལ་ཇུས་གཞི་ལ་གྲོས་ཞིབ་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ད་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ལོ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་ཁུངས་སུ་བརྗོད་དོན་འགན་སྒྲུབ་བྱ་འགུལ་སྤེལ་རྒྱུ་ནི་བྱ་བ་གཙོ་བོར་དམིགས་ནས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། བྱ་འགུལ་གྱི་བརྗོད་དོན་ལ་དམིགས་ནས་རྩ་འཛུགས་ལག་བསྟར་ཇེ་དྲག་ཏུ་གཏོང་དགོས། ཕྱོགས་གཉིས་ཤུགས་འདོན་རྒྱུན་འཁྱོངས་བྱེད་པ་དང་། ཨུ་ཡོན་ཚོས་ལས་རིགས་སོ་སོའི་མང་ཚོགས་ཁྲོད་ནས་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བར་སྣེ་ཁྲིད་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གཙོ་གནད་དཀའ་གནད་ལ་དམིགས་ནས་བརྟག་བཤེར་ཞིབ་འཇུག་དང་བློ་འདོན་ཇུས་འབུལ་བྱེད་དགོས། མཉམ་འགུལ་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཀྱི་ཁོངས་གཏོགས་ལས་ཁུངས་སོ་སོ། སྲིད་གྲོས་ཨུ་ཡོན་བཅས་ཀྱི་སྤྱི་ཁོག་གི་རྩོལ་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་སྲིད་གྲོས་ཀྱི་སྟོབས་ཤུགས་འབུལ་དགོས་ཟེར།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་འགན་སྒྲུབ་དཔྱད་ཞིབ་ཚོད་ལྟ་བྱེད་ཐབས་སྤེལ་བའི་གནས་ཚུལ་དང་གསོ་སྦྱོང་བྱ་བའི་སྙན་ཞུ་ལ་ཉན་པ་དང་། ཨུ་ཡོན་འགན་སྒྲུབ་སྐོར་གྱི་ལམ་ལུགས་རང་བཞིན་གྱི་ཡིག་ཆར་གྲོས་ཞིབ་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་རེ་བ་འབུར་དུ་ཐོན་པར་བྱེད་པ་དང་། ཨུ་ཡོན་གྱི་གསོ་སྦྱོང་སློབ་སྦྱོང་ལ་རྒྱུན་མཐུད་ངང་ཤུགས་བསྣན་ནས། ཨུ་ཡོན་གྱི་ཆབ་སྲིད་བྱང་ཚད་དང་ཁག་ཁུར་འདུ་ཤེས། འགན་སྒྲུབ་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། ལམ་བུ་སྔར་ལས་རྒྱ་སྐྱེད་པ་དང་སྟེགས་བུ་འཛུགས་སྐྲུན་བྱས་ཏེ། ཨུ་ཡོན་གྱི་འགན་སྒྲུབ་བྱེད་པ་དང་ཨུ་ཡོན་གྱི་ལས་བྱ་ཡོངས་འགྲུབ་བྱེད་པར་སྐུལ་འདེད་གཏོང་དགོས། ཨུ་ཡོན་གྱི་འགན་སྒྲུབ་ལམ་ལུགས་འཛུགས་སྐྲུན་ཐད་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་ནན་མོ་བྱེད་པ། དཔྱད་ཞིབ་གྲུབ་འབྲས་བཀོལ་སྤྱོད་བྱེད་པར་ཤུགས་བསྣན་ནས། ཨུ་ཡོན་གྱི་གཙོ་གཞི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ལས་ཁུངས་ཀྱི་ལྟ་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་སྙན་ཞུ་ལ་ཉན་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ2020ལོའི་བྱ་བ་གཙོ་བོར་འགན་ཁུར་བའི་བཀོད་སྒྲིག་ཇུས་གཞི་དང2020ལོའི་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལྟ་ཞིབ་བྱ་བའི་འཆར་གཞི་ལ་གྲོས་ཞིབ་བྱས་ལ། འདས་པའི་ལོ་གཅིག་རིང་གི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ལོ་ཧྲིལ་བོའི་བྱ་བ་གཙོ་བོར་དམ་དུ་དམིགས་པ་དང་། གཙོ་གནད་འབུར་དུ་ཐོན་པར་བྱེད་པ། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། ལག་བསྟར་དམ་འཛིན་བྱས་ཏེ། གཙོ་གནད་དམ་འཛིན་བྱེད་པ་དང་སྤྱི་ཡོངས་ལ་སྣེ་ཁྲིད་བྱེད་པ་བརྒྱུད་དེ་ལག་བསྟར་ལ་སྐུལ་འདེད་གཏོང་དགོས། འགོ་ཁྲིད་ཚན་ཁག་གི་ཁོངས་མིས་བྱ་བ་གཙོ་བོ་ཐད་ཀྱི་རྟོག་ཞིབ་དང་མཛུབ་སྟོན། བརྟག་བཤེར་ལ་ཤུགས་བསྣན་ནས། ལས་ཁུངས་སུ་བདེན་འཛིན་དངོས་གཉེར་གྱི་བྱ་བའི་སྣང་ཚུལ་གྲུབ་པར་སྣེ་ཁྲིད་བྱེད་དགོས། ལྟ་ཞིབ་ཕན་འབྲས་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ་དང་། བྱ་བ་གཙོ་བོ་སྤེལ་བའི་གནས་ཚུལ་དང་ལམ་ལུགས་གཙོ་བོ་ལག་བསྟར་བྱས་པའི་གནས་ཚུལ། གྲོས་མོལ་སྲིད་གླེང་གི་གྲུབ་འབྲས་དང་ལེན་བྱས་པའི་གནས་ཚུལ་ལ་དམིགས་ནས་རྒྱུན་ལྡན་ཅན་གྱི་ལྟ་ཞིབ་སྤེལ་ནས། སྲིད་གྲོས་ཏང་ཙུའུ་ཡི་བཀོད་སྒྲིག་རེ་བ་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུའུ་ཞི་གཞོན་པ་ཝང་ཞོ་ཡུང་དང་རིན་ཆེན་རྣམ་རྒྱལ། ཀྲང་ཧྲིག་ཁྲིན། ཏུའུ་ཅེ། ཀྲང་ཝུན་ཁུའེ། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི དྲུང་ཡིག་ཆེན་མོ་ལིའུ་ཏཱ་ཡེ་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།