མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2020.03.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བཀོད་སྒྲིག་རེ་བ་ཆེས་གསར་བ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་སློབ་སྦྱོང་བྱས་ལ། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས་པ་མ་ཟད། འབྲེལ་ཡོད་བྱ་བའི་སྙན་ཞུ་ལ་ཉན་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་དང་རེ་བ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེས་གསར་བའི་བཀོད་སྒྲིག་བཅས་ཀྱི་སྟེང་གཅིག་གྱུར་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ནས་མཐའ་གཅིག་ཏུ་དམ་སྲུང་བྱེད་པ་དང་བཏང་ལྷོད་བཟང་བོ་བྱེད་པ། དཔལ་འབྱོར་སྤྱི་ཚོགས་གཏན་འཇགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཏེ། ལག་ལེན་ཆོས་ཉིད་ལྟར་མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་དགོས། ད་ལྟ་རིམས་ནད་ད་དུང་འགྱུར་ལྡོག་བྱུང་བཞིན་པའི་སྒང་ཡིན་ལ། ལས་ཀ་ཡང་བསྐྱར་འགོ་རྩོམ་པའི་བྱ་བ་ཡང་སྤེལ་བཞིན་པའི་སྒང་ཡིན་པས། རྒྱལ་ཡོངས་དང་འཛམ་གླིང་ཧྲིལ་བོའི་འཕེལ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་། ཞིང་ཆེན་ནང་ཁུལ་དང་ཞིང་ཆེན་ཕྱིའི་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ། རྟོག་ཞིབ་དང་མཛུབ་སྟོན་གྱི་གྲུབ་འབྲས་བཀོལ་སྤྱོད་བཟང་བོ་བྱེད་པ། སྲིད་ཇུས་དང་འགན་སྲུང་བྱེད་ཐབས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ལག་བསྟར་དང་གསར་གཏོད་ཀྱི་བྱེད་ཐབས་ལག་བསྟར་བཟང་བོ་བྱེད་པ། དུས་ཚོད་དང་གནས་བབ་ལ་བསྟུན་ནས་བྱ་བའི་ཤུགས་འདོན་ས་ལེགས་སྒྲིག་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཏང་ཨུས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞི་འགན་འཁྲི་དང་གཏན་ཁེལ་ལག་བསྟར་བྱེད་པ་ནི། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་དང་། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་ལམ་ལུགས་གལ་ཆེན་ཡིན་པས། རིམ་པ་སོ་སོའི་ཏང་ཨུས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཏང་ཨུའི་ཧྲུའུ་ཅི་ཡིས་འགོ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་ལག་བསྟར་ནན་མོ་བྱེད་པ། ཏང་ཁྱོན་ཡོངས་ནས་ལག་བསྟར་ནན་མོ་བྱེད་པའི་གྲུབ་འབྲས་གསར་བར་བརྟེན་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་ཏང་འཛུགས་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་ནི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཡུན་རིང་གི་བསླབ་གཞི་དང་ཏང་ཡོན་ཡོངས་དང་ལས་བྱེད་པ་ཡོངས་ཀྱི་ཚེ་གང་བོའི་བསླབ་གཞི་ཡིན་པས། དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་དང་འཐབ་ཇུས་མཐོ་ཚད་དུ་འགྲེང་ནས། བརྗོད་དོན་སློབ་གསོ་ཐད་ནས་གྲུབ་པའི་ངོས་ཟིན་གྲུབ་འབྲས་དང་ལག་ལེན་གྲུབ་འབྲས། ལམ་ལུགས་གྲུབ་འབྲས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ཏེ། བསམ་བློ་དང་ཆབ་སྲིད། ལག་ལེན། ཆེད་ལས་བཅས་ཀྱི་སྦྱོང་བརྡར་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ཇེ་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་རྒྱུ་དེ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན། ཡུན་ཕན་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། ཐོག་མའི་བསམ་འདུན་དང་འགན་འཁྲི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།