མཚོ་སྔོན་ཞིང་ཆེན་ཐེངས་གཉིས་པའི་མཚོ་བོད་མཐོ་སྒང་ཕྱོགས་བསྡུས་ཚན་རྩལ་བརྟག་དཔྱད་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2020.03.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་གིས་འགོ་མཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་ཐེངས་གཉིས་པའི་མཚོ་བོད་མཐོ་སྒང་ཕྱོགས་བསྡུས་ཚན་རྩལ་བརྟག་དཔྱད་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཐེངས་གཉིས་པའི་མཚོ་བོད་མཐོ་སྒང་ཕྱོགས་བསྡུས་ཚན་རྩལ་བརྟག་དཔྱད་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་བཀོད་སྒྲིག་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་མཚོ་སྔོན་གྱི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ། མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རྩལ་བརྟག་དཔྱད་བྱ་བར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་གལ་ཆེན་མཚོ་སྔོན་ཞིང་ཆེན་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བའི་དགེ་མཚན་དང་གྲུབ་འབྲས་སུ་བསྒྱུར་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ལིའུ་ཉིང་གིས་བསྟན་དོན། མཚོ་བོད་མཐོ་སྒང་ཕྱོགས་བསྡུས་ཚན་རྩལ་བརྟག་དཔྱད་བྱ་བའི་འགོ་བརྩམས་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལྟར། རང་འགུལ་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱས་པ་དང་། འབད་འཐབ་ལྷོད་མེད་དང་མཐུན་སྦྱོར་གཞོགས་འདེགས་བྱས་ལ། ཧ་ཅང་མཐོང་ཆེན་བྱས་པ་དང་ཁྱབ་ཁོངས་རྒྱ་ཆེ་ལ། བྱ་བ་སྤེལ་ཤུགས་ཆེ་བ་དང་ཞབས་ཞུའི་འགན་སྲུང་འདོན་སྤྲོད་བཟང་བོ་བྱས་ཏེ། མཚོ་བོད་མཐོ་སྒང་ཕྱོགས་བསྡུས་ཚན་རྩལ་བརྟག་དཔྱད་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཟེར།

ལིའུ་ཉིང་གིས་ནན་གྱིས་བསྟན་དོན། མིག་སྔར། མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རྩལ་བརྟག་དཔྱད་དེ་གནད་དུག་དུས་རིམ་དུ་བསླེབ་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་བོད་མཐོ་སྒང་ནི་འཛམ་གླིང་གི་ཡང་རྩེ་དང་ཡ་གླིང་གི་ཆུ་གཏེར། སའི་གོ་ལའི་ཕྱོགས་སྣེ་གསུམ་པ། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་གལ་ཆེན་དང་འཐབ་ཇུས་ཐོན་ཁུངས་ཉར་གསོག་རྟེན་གཞི། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་རིག་གནས་ཀྱི་སྲུང་སྐྱོབ་ས་ཆ་གལ་ཆེན་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། མཚོ་བོད་མཐོ་སྒང་གི་ཁོར་ཡུག་འགྱུར་ལྡོག་རྐྱེན་རྩ་དང་སྐྱེ་ཁམས་བདེ་འཇགས་འགན་སྲུང་མ་ལག་ལེགས་བསྒྱུར་བྱེད་པ། མཚོ་བོད་མཐོ་སྒང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ། འཛམ་གླིང་ཧྲིལ་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལས་འགན་གཙོ་བོར་རྒྱུས་ལོན་ཡང་དག་བྱེད་པ། ཆུ་དང་སྐྱེ་ཁམས། མིའི་རིགས་ཀྱི་འགུལ་སྐྱོད་སོགས་ལ་དམིགས་ནས། མཚོ་བོད་མཐོ་སྒང་གི་ཐོན་ཁུངས་ཁོར་ཡུག་གི་འདེགས་སྐྱོར་ནུས་པ་དང་གནོད་འཚེའི་ཉེན་ཁ། ལྗང་མདོག་འཕེལ་རྒྱས་ལམ་བུ་སོགས་ཀྱི་གནད་དོན་ཐག་གཅོད་པ་དང་། འཛམ་གླིང་སྟེང་གི་ཆེས་མཐའ་མཇུག་གི་དག་ཞིང་ལ་སྲུང་སྐྱོབ་བྱེད་པ་དང་མཛེས་སྡུག་གི་མཚོ་བོད་མཐོ་སྒང་འཛུགས་སྐྲུན་བྱེད་པ། མཚོ་བོད་མཐོ་སྒང་གི་རིགས་སོ་སོས་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་པའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།